མཁའ་འགྲོའི་ཐུགས་ཐིག་གི་ལམ་རིམ་དང་སྦྱར་བའི་སྨོན་ལམ།
༄༅། །མཁའ་འགྲོའི་ཐུགས་ཐིག་གི་ལམ་རིམ་དང་སྦྱར་བའི་སྨོན་ལམ།
ཧོཿ བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །
བདག་གིས་ཚོགས་གཉིས་བསོད་ནམས་ཅི་བསགས་པ། །
མ་ལུས་མཁའ་ཁྱབ་འགྲོ་བ་ཡོངས་ལ་བསྔོ། །
ཀུན་ཀྱང་བླ་མེད་འབྲས་བུ་ཐོབ་གྱུར་ཅིག །
དེང་བཟུང་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །
ཁྱབ་བདག་བླ་མ་ཡུམ་ཆེན་ལྷག་པའི་ལྷ། །
དབྱེར་མེད་སྐྱབས་ཀྱི་མཆོག་ཏུ་མི་འབྲལ་བར། །
དགོངས་བརྒྱུད་བྱིན་རླབས་སྙིང་ལ་འཕོ་བར་ཤོག །
བསགས་སྦྱོང་ལམ་གྱིས་རང་རྒྱུད་ཞིང་ས་དུལ། །
དབང་བཞིའི་རིམ་པས་ཐར་པའི་ས་བོན་ཐེབས། །
དམ་ཚིག་དག་པས་ལམ་གྱི་གེགས་ལས་གྲོལ། །
མོས་བརྩོན་དྲག་པོས་ཉམས་ལེན་བོགས་ཐོན་ཤོག །
བསྐྱེད་རིམ་གསལ་བས་ཐ་མལ་སྣང་ཞེན་དག །
རང་བྱིན་བརླབས་ཀྱིས་གཏུམ་མོའི་བདེ་དྲོད་འབར། །
ཞུ་བདེའི་སྦྱོར་བས་ཕོ་ཉའི་དགའ་བ་འབྱོངས། །
བློ་འདས་དགོངས་པས་ཆོས་ཉིད་དོན་རྟོགས་ཤོག །
ཀ་དག་རིག་པ་ཟང་ཐལ་རྗེན་པར་ཤར། །
ལྷུན་གྲུབ་སྣང་བཞིའི་ས་ལམ་བཙན་ཐབས་བགྲོད། །
རང་དོན་ཀུན་བཟང་ཆོས་སྐུའི་རྒྱལ་ས་ཟིན། །
གཞན་དོན་གཟུགས་སྐུས་འཁོར་བ་དོང་སྤྲུགས་ཤོག །
ཅེས་པའང་རྟོགས་ལྡན་ཀུན་བཟང་ཀློང་གྲོལ་གྱིས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ༎ ༎
