བླ་མ་རྒྱང་འབོད།
༄༅། །བླ་མ་རྒྱང་འབོད།
ཨེ་མ་ཧོ།
ཟུང་འཇུག་བདེ་ཆེན་གྱི་ཞིང་ན། །
ཆོས་སྐུ་ཀ་དག་གི་ཡེ་ཤེས། །
འཁོར་འདས་མཉམ་གྲོལ་གྱི་སྤྱི་དཔལ། །
དྲིན་ཆེན་བླ་མ་དེ་མཁྱེན་ནོ། །
རང་གསལ་འགག་མེད་ཀྱི་ཞིང་ན། །
ལྷུན་གྲུབ་ཡེ་ཤེས་ཀྱི་འཁོར་ལོ། །
སྣང་སྲིད་རང་གྲོལ་གྱི་རིག་པ། །
རང་བྱུང་པདྨ་དེ་མཁྱེན་ནོ། །
ཐུགས་རྗེ་ཕྱོགས་མེད་ཀྱི་ཞིང་ན། །
འགྲོ་ཀུན་སྒྱུ་འཕྲུལ་གྱི་རོལ་གར། །
ཡེ་དག་གཞིར་རྫོགས་ཀྱི་ཀུན་བཟང་། །
བདེ་ཆེན་རྒྱལ་པོ་དེ་མཁྱེན་ནོ། །
བླ་མ་ཐག་རིང་ན་བཞུགས་ཀྱང་། །
ཡིད་ལ་ཝ་ལེ་རང་ཤར་བྱུང་། །
ཟླ་བ་རྒྱང་རིང་ན་གནས་ཀྱང་། །
དྭངས་མའི་མཚོ་ནང་དུ་ཤར་འདྲ། །
ཐུགས་རྗེ་ཉེ་རིང་ནི་མེད་པའི། །
བཀའ་དྲིན་འཁོར་མེད་དེ་མཁྱེན་ནོ། །
བདག་ཅག་འཁྲུལ་འཁོར་གྱི་སྣང་བའི། །
གཟུང་འཛིན་རང་ས་རུ་ཞིག་ནས། །
གདན་ཐོག་འདི་ཉིད་དུ་གྲོལ་མཛོད། །
དྲིན་ཅན་བླ་མ་དེ་མཁྱེན་ནོ། །
ཞེས་པའང་ཁྱུང་པོ་ངག་དབང་ཕྲིན་ལས་ཀྱི་ངོར་གཡུ་སྐྱེམས་པས་སོ། །སརྦ་མངྒ་ལཾ།།
