Spontaneous Song of Intense Sadness—Tibetan

Literary Genres › Songs and Poems | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །ཐོལ་བྱུང་དུ་ཐལ་བའི་ཡིད་སྐྱོ་དུང་ངེ་བའི་གླུ།

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི། །
སྡིག་པ་དང་སྡུག་བསྔལ་ཅི་མཆིས་པ། །
བདག་གི་སྟེང་དུ་འབབ་པར་ཤོག །

བདག་གི་བདེ་བ་དང་དགེ་བ་ཅི་མཆིས་པ། །
མ་སེམས་ཅན་རྣམས་ཀྱིས་ཐོབ་པར་ཤོག །

སྐྱེ་བ་གྲངས་མེད་བླང་བླང་ཡང་། །
སྐྱེས་པའི་དོན་གོ་ད་རེས་ཆེ། །
ཕ་རིག་འཛིན་བརྒྱུད་པའི་བུ་རུ་སྐྱེས། །
རྒྱལ་བའི་བསྟན་དང་ཆུང་ནས་འཕྲད། །
ཡོངས་འཛིན་དགེ་བའི་བཤེས་དང་མཇལ། །
ཆོས་ཟབ་རྒྱས་གདམས་པ་རྒྱ་མཚོ་ཙམ། །
ཐོབ་པས་ཀྱང་སྐལ་བ་བཟང་ངམ་དྲན། །

ཡང་གཅིག་ཏུ་བསམ་ཡང་ཆོས་ཐོབ་པ། །
ཚིག་གཅིག་ཀྱང་ཉམས་ལེན་བྱེད་མ་གྲུབ། །
མི་ཚེ་ཐམས་ཅད་དཀོར་ལ་ཟད། །
ཆགས་སྡང་གི་ཚེར་མ་རྣོན་པོ་གཟིང་། །
ཚེ་ཕྱི་མ་ངན་སོང་གི་རྒྱུ་སྒྲུབ་པ། །
ཚུལ་འདི་ལ་བསམ་ན་སྙིང་རླུང་ལྡང་། །

ལས་བཟང་བཟང་འདྲ་ལ་ལས་ངན་པོ། །
རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་ཡི། །
སྤྲུལ་པ་རུ་མིང་བཏགས་དོན་རེ་ཆུང་། །
བསྟན་ཞབས་སུ་ཐག་པ་འདོགས་པ་ཡི། །
རྒྱལ་བསྟན་ལ་ཞབས་འདྲེན་ཞུས་སོང་སྙམ། །
དེ་བསམ་གྱིན་བསམ་གྱིན་མཆི་མ་དཀུ། །

ཡང་བསམ་ན་ཐམས་ཅད་སྒྱུ་མ་ཡིན། །
སྒྱུ་མའི་ངོ་བོ་སྟོང་པ་ཉིད། །
སྟོང་པ་ཐམས་ཅད་རྟེན་འབྲེལ་ཡིན། །
རྟེན་འབྲེལ་གྱི་ཚུལ་འདི་བརྗོད་པ་བྲལ། །
བརྗོད་པ་དང་བྲལ་བའི་ཆོས་ཉིད་ལ། །
གོ་བ་ཕྱོགས་ཙམ་ཡོད་པ་འདི། །
ཕ་བླ་མའི་དྲིན་གྱིས་བྱུང་བ་དེར། །
འཇོག་ལོ་ཙམ་འདི་ཡིས་ཞེ་བློ་བདེ། །

ད་ཚེ་ཡི་ལྷག་མ་ཅི་ཡོད་ཀྱང་། །
ལས་ངན་གྱི་དབང་དུ་མ་གཏོང་ཞིག ། །
སྡིག་ལྡན་བདག་ཐུགས་རྗེས་བསྐྱབ་ཏུ་གསོལ། །
ལས་ཅི་བྱས་གཞན་ལ་ཕན་པར་ཤོག ། །
འབྲེལ་ཚད་ཀུན་བདེ་ལྡན་ཞིང་སྐྱེས་ཤོག །

ཅེས་པའང་བྱ་ལོ་ཧོར་ཟླ་ ༦ པའི་ཚེས་༢༣ལ་བྲོ་ནད་འཚལ་བ་དང་། དུས་ཀྱི་རྒུད་པ་སྣ་ཚོགས་པའི་རྐྱེན་གྱིས་ཡིད་སྐྱོ་དུང་ངེ་བའི་ངང་ནས་ཚིག་དེ་སྐད་ཐོལ་བྱུང་དུ་ཐལ་ལོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept