བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

སྐུ་ཡི་དབེན་གནས་ལ་ཟུར་ཙམ་བསྔགས་པ་བཀྲ་ཤིས་རྩིབས་སྟོང་རྣམ་པར་བཀྲ་བའི་དྷརྨཱ་ཙཀྲ་ཞེས་བྱ་བ།

English | བོད་ཡིག

༄༅། །སྐུ་ཡི་དབེན་གནས་ལ་ཟུར་ཙམ་བསྔགས་པ་བཀྲ་ཤིས་རྩིབས་སྟོང་རྣམ་པར་བཀྲ་བའི་དྷརྨཱ་ཙཀྲ་ཞེས་བྱ་བ། །

འཇམ་བཤེས་རྗེས་བཟུང་བློ་ལྡན་མཆོག་སྲེད་ཀྱི་ཐུགས་སྲས། །
བསྒྲགས་ཀྱི་གནས་སུ་འཇམ་དཔལ་གཤིན་རྗེ་ཡི་བཀའ་བབས། །
གནུབས་ཀྱི་རིགས་འཁྲུངས་སངས་རྒྱས་ཡེ་ཤེས་ཀྱི་མཚན་འཆང་། །
ཉི་ཟླ་གདན་དུ་བཏིང་པའི་གྲུབ་ཆེན་དེ་དྲན་བྱུང་། །

ཕྱི་ལྟར་འཇིགས་རྔམས་གནས་ཡུལ་དུར་ཁྲོད་ཀྱི་བཀོད་པ། །
ནང་ལྟར་རང་བྱུང་རྩ་གསུམ་སྒྲུབ་སྡེ་ཡི་ཕོ་བྲང་། །
གསང་བ་འོག་མིན་རྡོ་རྗེ་བཙུན་མོ་ཡི་ཨེ་དབྱིངས། །
སྒྲུབ་གནས་རྒྱལ་པོ་བསྒྲགས་ཀྱི་ཡང་རྫོངས་ལ་འདུད་དོ། །

གནས་པ་གཞི་ཡི་འཁོར་ལོ་སྐུ་གསུམ་གྱི་དགོངས་པ། །
གཟུང་འཛིན་སྲིད་པའི་འཁོར་ལོ་དུག་གསུམ་གྱི་འཁྲུལ་སྣང་། །
འདུལ་བྱེད་ཡེ་ཤེས་འཁོར་ལོ་དུས་གསུམ་གྱི་ཕྲིན་ལས། །
འདུལ་ཐབས་སྤྲུལ་པའི་འཁོར་ལོ་གསང་གསུམ་གྱི་ཆོ་འཕྲུལ། །

རང་ལ་འཁོར་བས་རང་བྱུང་ཡེ་ཤེས་ཀྱི་དོན་རྟོགས། །
གཞན་ལ་འཁོར་བས་འབྲེལ་ཚད་ཐར་ལམ་གྱི་སར་བཀོད། །
གཉིས་ལ་འཁོར་བས་གཉིས་འཛིན་གཉིས་མེད་ལ་གྲོལ་བས། །
གང་ལའང་མི་འཁོར་འཁོར་གསུམ་ཡོངས་དག་གི་འཁོར་ལོ། །

སྤྱོད་པ་བརྟན་མཁས་ཡོངས་རྫོགས་ཚུལ་ཁྲིམས་བསླབ་པ་ཡི་ལྟེ་བ། །
སྒོམ་པ་ཀློང་དུ་གྱུར་པ་ཏིང་འཛིན་བསླབ་པ་ཡི་མུ་ཁྱུད། །
ལྟ་བ་མཐའ་ལ་མི་གནས་ཤེས་རབ་བསླབ་པ་ཡི་རྩིབས་སྟོང་། །
འབྲས་བུ་བསླབ་གསུམ་ཆོས་ཀྱི་འཁོར་ལོ་ཕྱོགས་ཀུན་ལ་འཁོར་ཤོག །

བསྐྱེད་རིམ་འཁོར་ལོ་གདན་གསུམ་ཞི་ཁྲོ་ཡི་ལྷར་ཤེས། །
བཟླས་རིམ་འཁོར་ལོ་སྲོག་རྩོལ་འབྲུ་གསུམ་གྱི་རྡོར་བཟླས། །
རྫོགས་རིམ་འཁོར་ལོ་དུས་གསུམ་དུས་མེད་ཀྱི་ཡེ་ཤེས། །
ལྷ་སྔགས་ཆོས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཤོག །

སྐུ་ཡི་འཁོར་ལོ་ཕྱི་ནང་གསང་གསུམ་གྱི་མཚན་དཔེ། །
གསུང་གི་འཁོར་ལོ་སྡེ་སྣོད་རྣམ་གསུམ་གྱི་ཆོས་སྒྲ། །
ཐུགས་ཀྱི་འཁོར་ལོ་ཡེ་ཤེས་རྣམ་གསུམ་གྱི་མཁྱེན་པ། །
དོན་གཉིས་ལྷུན་གྲུབ་འཁོར་ལོ་རྟག་ཁྱབ་ཏུ་གྱུར་ཅིག །

ཅེས་པ་འདིའང་རིང་ནས་མཆོག་གི་སྤྲུལ་སྐུས་སྔ་བཞེད་དང་ཉེ་ཆར་བསྒྲགས་ཡང་རྫོང་མཎྜལ་ཏེ་ཚོགས་འཁོར་གནས་འབྲེལ་གྲུབ་རྗེས་བླ་མ་འཇམ་དཔལ་ཞི་ཁྲོར་མོས་པ་༧པདྨ་ཕྲིན་ལས་སྙིང་པོས་གསོལ་སྨོན་བགྱིས་པ་དགེ། ། །

ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།

Drak Yangdzong

གནས་ཚུལ་འཕར་མ།

BDRC Author Profiles: P7650 P2885

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept