བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་ཀྱི་གནས་མཆོག་ལ་ཆ་ཙམ་བསྔགས་པའི་བཀྲ་ཤིས་དཔལ་གྱི་བེའུ།

English | བོད་ཡིག

༄༅། །ཐུགས་ཀྱི་གནས་མཆོག་ལ་ཆ་ཙམ་བསྔགས་པའི་བཀྲ་ཤིས་དཔལ་གྱི་བེའུ་ཞེས་བྱ་བ། །

རིག་འཛིན་ཧཱུཾ་ཀ་ར་དང་པད་འབྱུང་གི་ཐུགས་སྲས། །
མཁར་ཆུའི་གནས་སུ་དཔལ་ཆེན་ཡང་དག་གི་བཀའ་བབས། །
གནུབ་རིགས་དགེ་སློང་ནམ་མཁའི་སྙིང་པོ་ཡི་མཚན་འཆང་། །
ཉི་མའི་ཟེར་ལ་གཤེགས་པའི་གྲུབ་ཆེན་དེ་དྲན་ནོ། །

རི་རྩེ་ཁ་བའི་རྡུལ་བརྩེགས་ཤེལ་དཀར་གྱི་མཆོད་རྟེན། །
རི་སྐེད་བྲག་གི་བ་གམ་གཟི་མཆོང་གི་གཞལ་ཡས། །
རི་སྨད་ནགས་ཚལ་ཚང་ཚིང་གནས་ཡུལ་གྱི་དུར་ཁྲོད། །
མཁར་ཆུ་སྟག་གདོང་དཀར་མོའི་གནས་མཆོག་དེར་འདུད་དོ། །

རི་ཆེན་རི་ཕྲན་མང་པོ་དཔལ་ཆེན་གྱི་གཙོ་འཁོར། །
ཆུ་ཆེན་ཆུ་ཕྲན་ཨ་ལཱི་ཀ་ལཱི་ཡི་རང་སྒྲ། །
ཤིང་ཆེན་ཤིང་ཕྲན་བདེ་སྟོང་ལྷ་མོ་ཡི་གར་བསྒྱུར། །
འཇིག་རྟེན་སྣང་བ་འགགས་པའི་གནས་མཆོག་དེར་འདུད་དོ། །

ཕྱི་ལྟར་གངས་སྤྲིན་རྫ་བྲག་ཆུ་ཤིང་གི་རྫོང་ཆེན། །
ནང་ལྟར་དག་པ་རབས་འབྱམས་མཁའ་སྤྱོད་ཀྱི་ཞིང་ཁམས། །
གསང་བ་དཔལ་ཆེན་ཞི་དང་ཁྲོ་བོ་ཡི་ཕོ་བྲང་། །
ཉམས་རྟོགས་རང་ཤུག་སྐྱེ་བའི་གནས་མཆོག་དེར་འདུད་དོ། །

ལྕགས་ཕུར་ཅན་ཞེས་ཨོ་རྒྱན་ཆེན་པོ་ཡི་སྒྲུབ་གནས། །
དཔལ་གྱི་ཕུག་རིང་ཟླ་གམ་སྒོ་གཅིག་གི་རྣམ་པ། །
མཁོན་ཐེངས་ལྷ་ཁང་རྒྱལ་པོའི་མཐའ་འདུལ་གྱི་གཙུག་ལག ། སྔོན་བྱོན་རིག་འཛིན་གོང་མའི་གདན་ས་དེར་འདུད་དོ། །

ཉང་རལ་ཉི་མའི་འོད་ཟེར་མངའ་བདག་གི་སྤྲུལ་པ། །
གུ་རུ་ཆོས་ཀྱི་དབང་ཕྱུག་སྤྱན་གཟིགས་དང་དབྱེར་མེད། །
གཏེར་ཆེན་རཏྣ་གླིང་པ་ལང་གྲོ་ཡི་རོལ་གར། །
ད་ལྟ་ཟབ་ཆོས་དུ་མའི་གཏེར་གནས་དེར་འདུད་དོ། །

འཐབ་རྩོད་མེད་པའི་ལྷ་དང་ལྷ་མིན་གྱི་གྲོང་ཁྱེར། །
རྟེན་གསུམ་ཆོས་གཞི་དབེན་དགོན་ས་གནད་ཀྱི་མེ་བཙའ། །
སྤྲུལ་པའི་བྱ་གཅན་རི་དྭགས་མིག་འཕྲུལ་གྱི་རོལ་རྩེད། །
མ་འོངས་འབྲེལ་ཚད་དོན་ལྡན་དབེན་གནས་དེར་འདུད་དོ། །

འཁོར་འདས་ཀུན་ཁྱབ་བདེ་གཤེགས་སྙིང་པོ་དེ་བདེན་ན། །
བདེན་པའི་སྟོབས་ཀྱིས་མཁའ་ཁྱབ་ཡིད་ཅན་གྱི་འགྲོ་བ། །
ཕུང་ཁམས་གནས་ཡུལ་རྟོག་ཚོགས་ཁྲག་འཐུང་གི་ལྷ་ཚོགས། །
འབྲུ་བརྒྱད་དགོངས་པ་ལྡན་པ་རུ་ལུ་ཡི་རང་སྒྲ། །

ཀུན་གཞིའི་རྣམ་ཤེས་གནས་དག་མེ་ལོང་གི་ཡེ་ཤེས། །
མཆོག་དངོས་བདེ་སྟོང་དབྱེར་མེད་ཕྱག་ཆེན་གྱི་རིག་འཛིན། །
དཔལ་ཆེན་ཧེ་རུ་ཀ་དཔལ་ཡང་དག་གི་གོ་འཕང་། །
འབད་མེད་ལྷུན་གྱིས་གྲུབ་པའི་དགེ་མཚན་དེ་སྩོལ་ཤོག །

ཅེས་སྔ་སོར་མཆོག་གི་སྤྲུལ་སྐུས་བཞེད་པ་དང་། ཉེ་ཆར་དཔལ་གྱི་ཕུག་རིང་དུ་གནས་འབྲེལ་རྒྱུ་སྐབས་ཚོགས་མཆོད་གྲུབ་པའི་རྗེས་འབྲེལ་དུ་པདྨ་ཕྲིན་ལས་སྙིང་པོས་བྲིས་པ་དགེ་ལེགས་འཕེལ། །

ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།

Lhodrak Kharchu

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept