བོད་ཀྱི་བཀའ་བབས་མི་དགུ་ལ་བསྟོད་པ།
༄༅། །བོད་ཀྱི་བཀའ་བབས་མི་དགུ་ལ་བསྟོད་པ།
སངས་རྒྱས་གཉིས་པ་པདྨ་ཀ་ར་ཡིས། །
གངས་ཅན་ལྗོངས་ཀྱི་མི་དང་མི་མིན་ལ། །
མདོ་སྔགས་ཆོས་ཀྱི་ཆར་ཆེན་ཕབས་པའི་ཚེ། །
ཉིད་ལས་མི་གཞན་ལས་ཅན་དག་པའི་འཁོར། །
འཇམ་དཔལ་སྐུ་ཡི་བཀའ་བབས་གྲུབ་རིག་འཛིན། །
སངས་རྒྱས་ཡེ་ཤེས་ཉི་ཟླ་གདན་དུ་བཏིང་། །
པདྨ་གསུང་གི་བཀའ་བབས་གྲུབ་རིག་འཛིན། །
རྒྱལ་བ་མཆོག་དབྱངས་གཙུག་ནས་རྟ་སྐད་ཐོན། །
ཡང་དག་ཐུགས་ཀྱི་བཀའ་བབས་གྲུབ་རིག་འཛིན། །
ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །
བདུད་རྩི་ཡོན་ཏན་བཀའ་བབས་གྲུབ་རིག་འཛིན། །
ཛྙཱ་ན་ཀུ་མ་བྲག་ལས་བདུད་རྩི་འབྱིན། །
ཕྲིན་ལས་ཕུར་པའི་བཀའ་བབས་གྲུབ་རིག་འཛིན། །
ཡེ་ཤེས་མཚོ་རྒྱལ་བསད་པའི་མི་རོ་བསླང་། །
རྦོད་གཏོང་མ་མོའི་བཀའ་བབས་གྲུབ་རིག་འཛིན། །
དཔལ་གྱི་ཡེ་ཤེས་མ་མོ་བྲན་དུ་ཁོལ། །
འཇིག་རྟེན་མཆོད་བསྟོད་བཀའ་བབས་གྲུབ་རིག་འཛིན། །
རླང་ཆེན་དཔལ་སེང་དྲེགས་པ་ཕོ་ཉར་འགྱེད། །
དྲག་སྔགས་དམོད་པའི་བཀའ་བབས་གྲུབ་རིག་འཛིན། །
བཻ་རོ་ཙཱ་ན་ཨོ་རྒྱན་དངོས་དང་མཉམ། །
ཁྱད་པར་འཇམ་དཔལ་སྤྲུལ་པའི་རྒྱལ་པོ་གང་། །
བདེ་གཤེགས་འདུས་པའི་བཀའ་བབས་གྲུབ་རིག་འཛིན། །
མངའ་བདག་ཆེན་པོ་གཞན་སྣང་ཟིལ་གྱིས་གནོན། །
ཚངས་པ་ལྷ་ཡི་མེ་ཏོག་འགྲན་ཟླ་བྲལ། །
གངས་ཅན་བསྟན་པའི་ཉིན་བྱེད་གྲུབ་ཆེན་དགུ། །
བསྒྲུབས་པས་ཡི་དམ་ལྷ་དང་སྐལ་པ་མཉམ། །
ཚེ་ལུས་གཅིག་ལ་མངོན་སངས་རྒྱས་ཚུལ་བསྟན། །
བཀའ་བབས་ལས་ཅན་སྙིང་གི་བུ་དགུ་གྲགས། །
རིག་ཆོས་རྩ་སློབ་བརྒྱུད་འཛིན་བཅས་པ་ལ། །
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་འདུད། །
རིག་འཛིན་རྣམས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། །
རིག་འཛིན་རྣམ་བཞིའི་གོ་འཕང་ཐོབ་པར་ཤོག །
ཅེས་རིག་འཛིན་བླ་མ་མང་པོས་རྗེས་སུ་བཟུང་བ༧པདྨ་ཕྲིན་ལས་སྙིང་པོས་དད་མོས་ཀྱི་འདབ་བརྒྱ་གྲོལ་བཞིན་པས་བསྟོད་པའོ། །
