བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཡོན་ཏན་དབེན་ལ་ཆ་ཙམ་བསྔགས་པ་བཀྲ་ཤིས་བུམ་བཟང་བཅུད་ལྡན་ཞེས་བྱ་བ།

English | བོད་ཡིག

༄༅། །ཡོན་ཏན་དབེན་ལ་ཆ་ཙམ་བསྔགས་པ་བཀྲ་ཤིས་བུམ་བཟང་བཅུད་ལྡན་ཞེས་བྱ་བ། །

རིག་འཛིན་བི་མ་པདྨ་སཾ་བྷ་ཝའི་ཐུགས་སྲས། །
ཤེལ་བྲག་གནས་སུ་བདུད་རྩི་ཡོན་ཏན་གྱི་བཀའ་བབས། །
གཉགས་ཀྱི་དགེ་སློང་ཡེ་ཤེས་གཞོན་ནུ་ཡི་མཚན་འཆང་། །
བྲག་ལས་བདུད་རྩི་འབྱིན་པའི་གྲུབ་ཆེན་དེ་དྲན་བྱུང་། །

ཕུ་ནི་གངས་རི་གཏན་ཆགས་སེང་དཀར་གྱི་ཁྱུ་ཚོགས། །
མདའ་ནི་གཙང་ཆེན་རྒྱུན་འབབས་གཡུ་འབྲུག་གི་འཁྱུག་སྟབས། །
བར་ནི་སྤང་ལྗོངས་བསྐྱེད་ཚལ་མེ་ཏོག་གི་དོ་ར། །
ཡུལ་གྱི་དགེ་མཚན་ངང་གིས་ཚང་བ་དེར་འདུད་དོ། །

ཡུལ་ལ་སྔ་བ་ཡར་ལུང་ཕུ་མདའ་དང་ཉིན་སྲིབ། །
མི་ལ་སྔ་བ་སྤྲེའུ་བྲག་སྲིན་གྱི་བུ་རྒྱུད། །
རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོ་ཡི་བབས་པ། །
བཅུད་ཀྱི་དགེ་མཚན་ངང་གིས་འདུ་བ་ལ་འདུད་དོ། །

མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་གྱི་རྫོང་བརྩེགས། །
རྟེན་གྱི་ཐོག་མ་གཉེན་པོ་གསང་བ་ཡི་མཚན་གསོལ། །
ཆོས་ཀྱི་ཐོག་མ་ཡི་གེ་འབྲུ་དྲུག་གི་སྲོལ་དར། །
མུན་གླིང་སྐྱ་རིངས་ཐོག་མར་ཤར་བ་དེར་འདུད་དོ། །

ལྷ་ཡི་ཡུལ་དང་མཚུངས་པའི་ཡུལ་ལྗོངས་ཀྱི་ཆགས་ཚུལ། །
ཨོ་རྒྱན་ཡུལ་དང་མཚུངས་པའི་ཡུལ་གནས་ཀྱི་ཁྱད་པར། །
ཀླུ་ཡི་ཡུལ་དང་མཚུངས་པའི་ཡུལ་ཁམས་ཀྱི་དཔལ་འབྱོར། །
ཡར་ལུང་ཞེས་གྲགས་ཡུལ་དབུས་ལྟེ་བ་ལ་འདུད་དོ། །

ཐོ་རི་སྲོང་བཙན་ལྷ་སྲས་ཕྱག་རྗེས་ཀྱི་གནས་གསུམ། །
སངས་རྒྱས་བྱང་སེམས་འཆི་མེད་རིག་འཛིན་གྱི་རྟེན་གསུམ། །
པདྨ་གཉགས་ལོ་བེ་རོ་རས་ཆུང་གི་ཕུག་གསུམ། །
གངས་ལྗོང་འགྲོ་བ་ཡོངས་ཀྱི་ཚོགས་ཞིང་དེར་འདུད་དོ། །

ཨ་ཧོ། ཕྱི་ལྟར་བྲག་གི་བ་གམ་བཀོད་ལེགས་ཀྱི་སྒྲུབ་གནས། །
ནང་ལྟར་ཚད་དང་མཚན་ཉིད་ཡོངས་རྫོགས་ཀྱི་གཞལ་ཡས། །
གསང་བ་འོག་མིན་རྩ་གསུམ་སྤྲིན་ཕུང་ལྟར་བཞུགས་པ། །
བྱིན་རླབས་ཟེར་བརྒྱ་འབར་བའི་སྒྲུབ་གནས་དེར་འདུད་དོ། །

མཐོང་བ་ཙམ་གྱིས་དབང་བཞི་རང་ཤུག་ལ་སྐྱེ་བ། །
ཚོགས་བསགས་གསོལ་བཏབ་རྐྱེན་བཞི་དངོས་གྲུབ་ཀྱི་ཆར་འབེབས། །
འབྲེལ་ཚད་དོན་ལྡན་ཨོ་རྒྱན་པདྨ་དང་དབྱེར་མེད། །
ཡེ་ཤེས་དངོས་སུ་ཕེབས་པའི་སྣང་བརྙན་དེར་འདུད་དོ། །

ཤར་གྲོལ་དུས་མཉམ་ཆོས་ཟད་དྲི་མེད་ཀྱི་ཟླ་ཤར། །
རྟོགས་ལྡན་ལྔ་བཅུ་ང་ལྔ་རྫོགས་ཆེན་གྱི་དོན་རྟོགས། །
འཁོར་འདས་སྤྱི་དཔལ་ཆེ་བཙན་ཆེ་མཆོག་གི་དཀྱིལ་འཁོར། །
སྦྱོར་བ་བརྒྱད་ལྡན་ཁ་སྦྱོར་བདུན་ལྡན་གྱི་དཀྱིལ་འཁོར། །

ཆོས་ཀྱི་བདུད་རྩི་འཁོར་འདས་མཉམ་ཉིད་ཀྱི་དགོངས་པ། །
རྫས་ཀྱི་བདུད་རྩི་གཙང་རྨེ་སྤངས་བླང་གཉིས་རོ་མཉམ། །
དོན་གྱི་བདུད་རྩི་དུག་ལྔ་ཡེ་ཤེས་ཀྱི་རང་བཞིན། །
རྟགས་ཀྱི་བདུད་རྩི་ཕུང་ལྔ་རིགས་ལྔ་དང་སྐུ་ལྔ། །

ནད་མུག་མཚོན་འཁྲུགས་མིང་མེད་རྫོགས་ལྡན་གྱི་དགའ་སྟོན། །
ཚོགས་གཉིས་མཐར་སོན་འབྱོར་པ་དྲུག་ལྡན་གྱི་ལང་ཚོ། །
བསམ་ཚད་བྱང་སེམས་དཀར་པོ་ས་ལམ་གྱི་ཡོན་ཏན། །
བྱས་ཚད་སྡིག་དང་མ་འདྲེས་ཕྱིན་དྲུག་གི་སྤྱོད་པ། །

རང་གཞན་རྒྱུད་ལ་འབྱོར་ཏེ་རྣམ་མཁྱེན་གྱི་རྒྱལ་སར། །
གཤེགས་ཏེ་སྲིད་མཚོར་འཁྱམས་རྣམས་ཐར་གླིང་ལ་བཀོད་པའི། །
དགེ་མཚན་ནུས་མེད་སྲིད་ཞི་མ་ལུས་ལ་ཁྱབ་པའི། །
བདེན་ཚིག་སྨོན་ལམ་སྲས་བཅས་རྒྱལ་ཀུན་གྱིས་མཛོད་ཤོག །

ཅེས་ཡར་ཀླུང་ཤེལ་བྲག་ཏུ་བདག་ཅག་གི་སྟོན་པ་སྐུ་བསྟམས་པའི་དུས་ཆེན་ཉིན་ཀརྨ་དང་སྐར་རྒྱལ་ཟུང་ནས་ཚོགས་མཆོད་རྒྱ་ཆེན་ལེགས་པར་གྲུབ་པའི་རྗེས་འབྲེལ་དུ་གསོལ་སྨོན་པདྨ་སཾ་བྷ་ཝར་ཤིན་ཏུ་དད་པའི་པདྨ་ཕྲིན་ལས་སྙིང་པོར་འབོད་པས་མཆོག་གི་སྤྲུལ་སྐུས་རིང་ནས་བསྐུལ་བ་དང་ཀརྨ་བི་ཛས་ཉེ་བར་བསྐུལ་བའི་ཆེད་དུ་སྦྱར་བ་དགེ་ལེགས་འཕེལ།། །།

ཇོ་སྐྱབས་པདྨ་འཕྲིན་ལས་སྙིང་པོ།

Yarlung Sheldrak

གནས་ཚུལ་འཕར་མ།

BDRC Author Profiles: P7650 P6525

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept