Eulogy to Sarasvatī—Tibetan
༄༅། །སྒྲ་དབྱངས་ལྷ་མོའི་བསྟོད་པ་ཀུ་ཁུའི་དབྱངས།
པདྨའི་གདན་སྟེང་པདྨ་ཇི་བཞིན་མཛེས། །
ཀུན་གྱི་ཡིད་འཛིན་ཀུན་གྱི་སྙིང་དུ་སྡུག། །
མཚན་བཟང་ལང་ཚོས་སྒེག་པའི་ལྷ་མོ་ཁྱེད། །
དེ་རིང་ཁྱེད་ཀྱི་རྒྱུད་མངས་ང་ལ་གཡོར། །
འཇིག་རྟེན་མེས་པོ་ཁྱེད་ཀྱི་སྐྱེད་བྱེད་ཡབ། །
མཁྱེན་རབ་འཇམ་དཔལ་ཁྱེད་ཀྱི་འགྱུར་མེད་གྲོགས། །
སྲིད་གསུམ་སྐྱེ་བོ་ཁྱེད་ཀྱི་ཁོལ་དུ་ཁོལ། །
མཛངས་མ་ཀུན་གྱི་དབང་ཕྱུག་ཁྱེད་མིན་སུ། །
གནག་སྣུམ་སྐྲ་ཡི་ལན་བུས་སྐུ་སྟོད་རྒྱན། །
སྤྱན་རས་ཨུཏྤལ་རྒྱས་འདྲའི་བཞིན་བཟང་ཅན། །
མངོན་འདོད་ལང་ཚོ་གསར་པའི་དཔལ་ལྡན་པ། །
སྨིན་ལེགས་ཀུན་གྱི་གཙུག་རྒྱན་ཁྱེད་མིན་སུ། །
མཛེས་སྡུག་ཞལ་གྱི་དཀྱིལ་འཁོར་མཛུམ་དམུལ་ལེར། །
ལྕུག་ཕྲན་བསྐྱོད་ལྟའི་འཇམ་མཉེན་ཕྱག་གཉིས་ཀྱིས། །
རྒྱུད་སྟོང་ལྡན་པའི་རྒྱུད་མང་བསྐུལ་བ་ན། །
རྣ་བའི་བདུད་རྩི་འགྱེད་པའང་ཁྱེད་ལས་སུ། །
ཡ་ཀིའི་རིག་འཛིན་རྡོ་རྗེའི་སློབ་དཔོན་ནས། །
མ་ཀིའི་ཐ་སྙད་མཁན་པོའི་གྲལ་མཐའ་བར། །
ཀུན་གྱི་ཐུགས་ལ་སྦས་པའི་སྙིང་སྡུག་མ། །
ཡིད་མཁར་རྟག་འགྲོས་དགའ་མ་ཁྱེད་ལས་སུ། །
ཡིད་སྲུབ་དགའ་མའི་རེག་པའང་སྦྲུལ་དུག་ལྟར། །
རིག་ནས་ཆགས་བྲལ་ལྷུར་བླངས་དྲང་སྲོང་ཡང་། །
ཁྱེད་སྐུ་མཐོང་བས་འདོད་པའི་མེ་ཆེན་འབར། །
དཀའ་ཐུབ་བུད་ཤིང་བསྲེག་མ་ཁྱེད་ལས་སུ། །
འཛུམ་འཛུམ་རྒོད་པའི་ཡིད་ཀྱི་པད་མཚོ་རུ། །
ནམ་ཡང་གཡོ་མེད་བཞད་པའི་ཟེའུ་འབྲུ་ཁྱེད། །
དུང་དུང་ཐུགས་རྗེས་བཟུང་བའི་ངེས་ཤེས་དེས། །
བསམ་གཏན་དང་པོའི་བདེ་བའང་མད་པར་བྱས། །
མཚོ་བྱུང་དབྱངས་ཀྱི་རྒྱལ་མོའི་གསང་གསུམ་གྱི། །
ཡོན་ཏན་བརྗོད་པས་ཁྱེད་དང་མཚུངས་པར་ཤོག། །
ཐོགས་མེད་མཁྱེན་ཅིང་མི་བརྗེད་གཟུངས་ལ་སོགས། །
བདག་བློའི་མེ་ལོང་གཙང་མར་འཕོས་གྱུར་ཅིག། །
དགའ་བའི་གཏམ་བཟང་ཞུ་རྒྱུ་མེད་མོད་ཀྱང་། །
སྐྱོ་བའི་ཡི་ཆད་སྡུག་ཡུས་ཞུ་མི་སེམས། །
དགའ་སྐྱོ་གཉིས་ལ་མ་ལྟོས་བསམ་གཏན་བསྒོམ། །
འཇིག་རྟེན་བདེ་སྐྱིད་ལྡན་པར་ཁྱེད་ཀྱིས་སྐྱོངས། །