Song of Sadness About Others—Tibetan

Literary Genres › Songs and Poems | བོད་ཀྱི་བླ་མ།མཁན་ཆེན་ངག་དབང་དཔལ་བཟང་།

English | Deutsch | བོད་ཡིག

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

Further information:
Download this text:

༄༅། །གཞན་ལ་སྐྱོ་བའི་གླུ།

ཨེ་མ་ཨེ་མ་དེང་སང་སྙིགས་མའི་དུས། །
བདེན་པར་སྨྲས་ཀྱང་འཁྱོགས་པའི་ཚིག་དུ་གོ །
དྲང་བའི་ལམ་ལ་ཟོག་པོའི་ཚུལ་མཐོང་བའི། །
སྙིགས་མའི་སྐྱེ་བོ་བསམ་ན་ཡིད་རེ་སྐྱོ། ། སྡུག་བསྔལ་སྣ་ཚོགས་བསམ་ན་ཡིད་རེ་མུག །
གཡོ་སྒྱུའི་འཁྲུལ་འཁོར་མཐོང་ན་སེམས་པ་སྐྱོ། །
གྲོགས་དག་མྱུར་དུ་ཐར་བའི་ཐབས་བསམ་མཚར། །

མོ་པྲའི་རྫུན་ལ་མགོ་བོ་མ་འཁོར་ཅིག །
སྣང་ཚུལ་མི་བདེན་སྒྱུ་མའི་གར་ལ་ལྟོས། །
ཐར་པའི་ལམ་ལ་བཙོན་པས་འབད་པར་རིགས། །
ཇི་ལྟར་བསམ་ཀྱང་འཁོར་བ་སྙིང་པོ་མེད། །
ཇི་ལྟར་བསྒྲུབས་ཀྱང་འགྲུབ་པའི་དུས་འདུག་གམ། །
སྔར་སོང་ཤི་བའི་མགྲོན་པོའི་ངང་ཚུལ་ཅན། །
སྔ་རབས་བསོགས་པ་ད་ལྟ་འདུག་གམ་ལྟོས། །
ད་ནི་རང་གི་རང་ལ་གྲོས་གདབ་རན། །
རན་པ་བས་ཀྱང་ཤིན་ཏུ་ཕྱི་བར་ཐལ། །

ཧ་ཧ་མི་བདེན་སྒྱུ་མའི་གྲོང་ན་སྒྱུ་མའི་འཕྲུལ་ལ། །
སྒྱུ་མའི་རང་བཞིན་མཐོང་བའི་རྫུན་རྒན་གྱིས་རྣལ་འབྱོར། །
ཐམས་ཅད་རྫུན་པར་གོ་བའི་ཉམས་དབྱངས་ཞིག་རྡོལ་ནས། །
རྫུན་གཏམ་ཇི་ལྟར་བྲིས་ཀྱང་ཟད་མཐའ་ནི་མི་འདུག །
རྫུན་ཕུག་དབྱིངས་སུ་རྡིབ་པའི་སྣང་བ་འདིས་མཚར་ནས། །
རྫུན་ཚིག་གཏམ་གྱི་ས་བོན་ཅུང་ཟད་གཅིག་སྤྲོ་སོང་། །
ཁོ་བོ་མྱུར་དུ་མི་སྡོད་ཐར་གླིང་ལ་ཆས་འགྲོ། །
དོན་མཐུན་གྲོགས་དག་ཡོད་ན་མྱུར་བར་དུ་ཤོག་དང་། །

གསང་ཆེན་སྙིང་པོའི་གྲུ་གཟིང་རབ་བརླིང་གྱི་ནང་ན། །
བླ་མའི་མན་ངག་བརྩོན་པའི་དར་ལྕེ་དེ་བསྐྱོད་ནས། །
ཕུན་ཚོགས་ལམ་གྱིས་འདོད་རྒུའི་ཚོང་ཟོང་དང་བཅས་ནས། །
ལྷུན་གྲུབ་རང་བཞིན་གསང་བའི་རྒྱལ་ཁབ་ལ་ཆས་འགྲོ། །

དགེའོ། ། དགེའོ། །དགེའོ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept