ཨན་ཆུན་གྱི་ཕྱུག་པོའི་བུ་མོ།
༄༅། །ཨན་ཆུན་གྱི་ཕྱུག་པོའི་བུ་མོ།
ཆུན་ཐོང་ལོ་བདུན་གྱི་དུས་སྤྱི་ལོ་ ༡༨༦༧ ལོ། ཨན་ཆུན་གྱི་མི་ཕྱུག་པོ་ཧྥང་ཤེས་གོང་ལ་བུ་མོ་ཞིག་སྐྱེས། ཆུང་དུས་ནས་མོ་གཞན་དང་མི་འདྲ་ཁྱད་ཆོས་མང་པོ་ཡོད། ཁྱད་པར་དུ་ལྷན་སྐྱེས་ཀྱི་སངས་རྒྱས་ཀྱི་ཆོས་ལ་དད་པ་ཆེ་བ་ཞིག་ཡིན། ལོ་དགུའི་དུས་ཞི་གནས་དགོན་ནས་རབ་ཏུ་བྱུང་། མཚན་ལ་ཏེ་ཁྲེན་བཏགས། དགུང་ཉེར་ལྔའི་སྟེང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་སྡོམ་པ་ཞུས། དགེ་སློང་མ་ཏེ་ཁྲེན་རབ་ཏུ་བྱུང་ནས་བཟུང་། དུས་རྟག་ཏུ་ཐང་ལྷོད་མེད་པར་སྒོ་གསུམ་དགེ་སྦྱོར་ལ་འབད། དགུང་ལོ་ཆུང་དུས་སུ་རྡོ་རྗེ་གཅོད་པ་ཁ་འདོན་བྱས། ན་ཚོད་དར་ལ་བབས་ཏེ་རིག་པ་རྒྱས་སྐབས་མདོ་ཕལ་བོ་ཆེ། མདོ་པདྨ་དཀར་པོ་སོགས་ལ་སྦྱངས་ཤིང་ཁོང་དུ་ཆུབ། ན་ཚོད་ཡོལ་བ་ན་རྒྱུན་དུ་རྩེ་གཅིག་ཏུ་དམ་ཆོས་ཀྱི་དོན་ལ་མཉམ་པར་བཞག མོ་ཕྱུག་པོའི་ཁྱིམ་དུ་འཁྲུངས་ཀྱང་རྒྱུན་དུ་གྲོན་ཆུང་ལ་དགའ་བ་དང་ཆོག་ཤེས་པ། དམན་ས་འཛིན་པ་སོགས་མི་གཞི་ཡང་ཁྱད་འཕགས་པ་ཞིག་ཡིན། ཚུལ་ཁྲིམས་དག་ཅིང་སྤང་བླང་མིག་འབྲས་ལྟར་བསྲུངས། ལྷག་བསམ་ཆེ་ཞིང་གཏོང་ཕོད་ཆེ། ཁྱད་པར་དུ་ལོ་བཅུ་ཕྲག་གི་རིང་ལ་གཞན་ལ་དགེ་བ་བསྒྲུབ་པའི་ཆ་རྐྱེན་མང་པོ་བསྐྲུན། ཆོས་ཀློག་ཁང་མང་པོ་གསར་སྐྲུན་མཛད། བུད་མེད་མང་པོ་ནང་ཆོས་ལ་བཙུད་དེ་འགོ་འཛིན་ཏེ་དམ་ཆོས་ཁ་འདོན་མཛད་པ་སོགས་གཞན་ཕན་གྱི་མཛད་སྤྱོད་མང་པོ་གནང་ངོ་། །མེན་རྒྱལ་རབས་ལོ་ཉེར་གཅིག་ལོ་སྤྱི་ལོ་ ༡༩༣༢ ལོའི་དཔྱིད་ཀ་ཏེ་ཁྲེན་ཉིན་ཉེར་གཅིག་གི་རིང་ལ་མཚམས་ལ་བཞུགས། སྐབས་ཤིག་དག་སྣང་ལ་ང་རྟག་གནས་ཞེས་པའི་ཡིག་འབྲི་བཞི་སྣང་ལ། མ་ཟད་ནམ་མཁའ་ནས་སངས་རྒྱས་ཤིག་གིས་མོའི་མཚན་ནས་བོས་ཏེ་ཞིང་ལ་ཕེབས་པའི་དུས་ཚོད་གསལ་བར་ལུང་བསྟན། མཚམས་ལས་གྲོལ་སྐབས། སློབ་ཚོགས་རྣམས་ལ་རང་ཞིང་ལ་གཤེགས་པའི་དུས་ཚོད་བསྒྲགས། སློབ་ཚོགས་རྣམ་པས་ཁོང་ཞིང་ལ་ཕེབས་པའི་རྟ་གོན་ཀུན་བྱས། དུས་ཚོད་དེ་ཡི་སྟེང་ཏག་ཏག་ཞིང་ལ་གཤེགས། སྐུ་གདུང་ལ་རིང་བསྲེལ་ཁ་དོག་དང་དབྱིབས་འདྲ་མིན་མང་དུ་བབས། དེ་ལས་རིང་ཐུང་ལ་ཚོན་ཕྱེད་པ། འོད་ཟེར་སྣ་ལྔ་འཕྲོ་བ་ཞིག་ཀྱང་ཡོད་པ་ལ་ཀུན་གྱིས་ངོ་མཚར་ཏེ་མངོན་པར་བསྟོད་དོ།། །།
མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
