བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་སྡིག་སྒྲིབ་སྦྱོང་ཞིང་དོན་གཉིས་སྒྲུབ་ཐབས་ཀྱི་མན་ངག་ཙིནྟ་མ་ཎི།

English | བོད་ཡིག

༄༅། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་སྡིག་སྒྲིབ་སྦྱོང་ཞིང་དོན་གཉིས་སྒྲུབ་ཐབས་ཀྱི་མན་ངག་ཙིནྟ་མ་ཎི་ཞེས་བྱ་བ་བཞུགས་སོ། །

 

སྐྱབས་སུ་འགྲོ་བ་ནི།

ན་མོ།

འདི་ནས་བྱང་ཆུབ་སྙིང་པོའི་བར། །

རིགས་དང་དཀྱིལ་འཁོར་རྒྱ་མཚོའི་བདག །

བླ་མ་རྡོ་རྗེ་སེམས་དཔའ་ལ། །

ཡིད་ཆེས་དད་པས་སྐྱབས་སུ་མཆི། །

 

སེམས་བསྐྱེད་ནི།

མཁའ་མཉམ་འགྲོ་བ་མཐའ་དག་ཀུན། །

གཏན་བདེའི་ས་ལ་དབུགས་དབྱུང་ཕྱིར། །

ལུས་ངག་ཡིད་ཀྱི་བརྩོན་པ་ཀུན། །

བྱང་ཆུབ་ལམ་དང་འབྲལ་མི་བྱ། །

 

སྒྲུབ་ཐབས་ནི།

ཨཱཿ རང་མདུན་མཆོད་སྤྲིན་རྒྱ་མཚོའི་དབུས། །

པད་དཀར་ཟླ་བའི་གདན་སྟེང་དུ། །

རིགས་་འདུས་དཔལ་ལྡན་རྡོ་རྗེ་སེམས། །

དཀར་གསལ་ཟླ་བ་རྒྱས་པའི་་མདངས། །

ཞལ་གཅིག་ཕྱག་གཉིས་རྡོ་དྲིལ་བསྣམས། །

ལོངས་སྐུའི་ཆས་རྫོགས་དཀྱིལ་ཀྲུང་བཞུགས། །

ཡེ་ཤེས་འོད་ཟེར་ཕྱོགས་བཅུར་འཕྲོ། །

དྭངས་བའི་ཡིད་ངོར་ལྷམ་མེར་གསལ། །

 

ཀྱེ་མ་བླ་མ་རྡོ་རྗེ་སེམས། །

སྔོན་གྱི་དམ་བཅའ་ཉེར་དགོངས་ནས། །

བདག་སོགས་ཉམ་ཐག་སེམས་ཅན་རྣམས། །

ཐུགས་རྗེས་རྗེས་སུ་འཛིན་པར་མཛོད་། །

ཐོག་མེད་དུས་ནས་ད་བར་དུ། །

ལུས་ངག་ཡིད་ཀྱི་སྡིག་ལྟུང་རྣམས། །

ཇི་ལྟར་ཁོང་དུ་དུག་སོང་ལྟར། །

གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས། །

ཕྱིན་ཆད་སྲོག་ལ་བབས་གྱུར་ཀྱང་། །

མི་འོས་ལས་རྣམས་མི་བགྱིད་ན། །

འཛུམ་པའི་སྤྱན་གྱིས་གཟིགས་མཛོད་ལ། །

འཇམ་མཉེན་ཕྱག་གིས་དབུགས་དབྱུང་སྩོལ། །

བདག་དང་སེམས་ཅན་ཐམས་ཅད་ཀྱི། །

དམ་ཚིག་ཉམས་ཆག་ཀུན་དག་ཅིང་། །

མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །

ད་ལྟ་ཉིད་དུ་འགྲུབ་པར་མཛོད། །

ཅེས་གསོལ་འདེབས་ཀྱི་ཚུལ་དུ་སྟོབས་བཞི་ཚང་བའི་སྒོ་ནས།

ཨོཾ་བཛྲ་ས་ཏྭ་ཧཱུྃ།

འབུམ་ཕྲག་བཞི་བཟླས་ན་རྩ་བའི་དམ་ཚིག་ཉམས་པའང་བྱང་བར་འགྱུར་རོ། །ས་མ་ཡ།

 

ཧཱུྃ། འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན། །

མཐའ་ཀླས་འགྲོ་བའི་དོན་དུ་བསྔོ། །

ཀུན་ཀྱང་རྡོ་རྗེ་སེམས་དཔའ་ཡི། །

གོ་འཕང་མྱུར་དུ་འཐོབ་པར་ཤོག །

 

ཨོཾ། གང་སྣང་སྐུ་ཡི་རྒྱན་དུ་དག །

སྒྲ་གྲག་སྔགས་ཀྱི་རོལ་བར་རྫོགས། །

དྲན་རྟོག་ཐུགས་ཀྱི་ངང་དུ་སྨིན། །

ཕུན་ཚོགས་དཔལ་འབར་བཀྲ་ཤིས་ཤོག །

 

ཞེས་པ་འདི་མེ་གླང་ཟླ་ ༣ ཚེས་ ༡༡ ལ་ངག་དབང་བློ་གྲོས་མཚུངས་མེད་པའི་རིག་ཁམས་དྭངས་བའི་རྩལ་ལས་ཤར་བ་ལྟར་སློབ་བུ་ཚུལ་ཁྲིམས་དྲི་མེད་ཀྱིས་བྲིས་པ་དགེ་བར་གྱུར་ཅིག །སྤྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༧ ལའོ།། །།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

རྡོ་རྗེ་སེམས་དཔའ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept