སེམས་བསྐྱེད་ཀྱི་རབ་དབྱེ་མདོར་བསྡུས།
༄༅། །སེམས་བསྐྱེད་ཀྱི་རབ་དབྱེ་མདོར་བསྡུས།
སེམས་བསྐྱེད་ལ་དབྱེ་ན། སྐྱེས་བུ་ཆུང་ངུའི་སེམས་བསྐྱེད་དང༌། སྐྱེས་བུ་འབྲིང་གི་སེམས་བསྐྱེད་དང༌། སྐྱེས་བུ་ཆེན་པོའི་སེམས་བསྐྱེད་དེ་གསུམ་ལས། དང་པོ་ལའང་ཙམ་པོ་བ་དང༌། ཁྱད་པར་བ་གཉིས་ལས། དང་པོ་ནི། ཚེ་འདི་ཁོ་ན་ལ་དམིགས་ཏེ་དགེ་སྒྲུབ་སྡིག་སྤོང་བྱེད་པའོ །གཉིས་པ་ནི། ཚེ་འདི་དོན་དུ་མི་གཉེར་བ་ཕྱི་མར་གལ་ཆེན་དུ་བྱས་ཏེ་དགེ་སྒྲུབ་སྡིག་སྤོང་བྱེད་པའོ། །གཉིས་པ་ནི། མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རག་དམྱལ་བ་ཡན་ཆད། འགྲོ་བ་རིགས་དྲུག་གི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། མེ་མ་མུར་གྱི་འོབས། རྒྱལ་པོའི་བཙོན་རར། དུག་སྦྲུལ་གྱི་ཚང༌། སྲིན་མོའི་གླིང༌། བཤན་པས་རལ་གྲི་གདེངས་པ་ལྟར་མཐོང་སྟེ་ཉན་རང་དགྲ་བཅོམ་པའི་གོ་འཕང་དོན་དུ་གཉེར་བའོ །གསུམ་པ་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་མཐོང་ཡང་། ཞི་བ་ཕྱོགས་གཅིག་པའི་མཐའ་དོན་དུ་མི་གཉེར་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྲིད་ཞི་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་དོན་དུ་གཉེར་བའོ། །ཞེས་པའང་འཇམ་མགོན་བླ་མ་གཞན་ཕན་སྣང་བའི་ཞལ་ནས་གསུང་རིམ་བཞིན་དྷརྨ་དྷྭ་ཛས་ཡི་གེར་བྲིས་པའོ།། །།
