Praise of Candrakīrti—Tibetan

Literary Genres › Praise | བོད་ཀྱི་བླ་མ།མཁན་པོ་གཞན་ཕན་སྣང་བ། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།ཟླ་བ་གྲགས་པ།

English | བོད་ཡིག

མཁན་པོ་གཞན་ཕན་སྣང་བ།

ཟླ་བ་གྲགས་པ།

Further information:
Download this text:

༄༅། །སློབ་དཔོན་ཟླ་བ་གྲགས་པའི་བསྟོད་པ་བཞུགས་སོ། །

འཇམ་དཔལ་སྐུ་ཡི་སྤྲུལ་པ་འཁྲུངས། །
ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། །
ཟླ་བ་གྲགས་པ་ཞེས་བྱ་བའི། །
བླ་མ་དེ་ལ་ཕྱག་འཚལ་ལོ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
རྣམ་དག་ཚུལ་ཁྲིམས་གཙང་མའི་མཐུས། །
སོལ་བ་ལས་འཁྲུངས་ལྗོང་ཤིང་ནི། །
ཡལ་ག་རྫོགས་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
རི་མོ་བྲིས་པའི་བ་རྣམས་ལས། །
འོ་མ་འཇོས་པས་གཞན་རྒྱུད་ཀྱི། །
བདེན་ཞེན་བཟློག་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
བརྡ་སྤྲོད་ཀུན་ཏུ་བཟང་པོའི་གཞུང་། །
བསྐུར་བས་གངྒཱའི་ཆུ་ཀླུང་གིས། །
ཤེས་རབ་བསྐྱེད་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
སྟོབས་ལྡན་རྡོ་ཡི་སེངྒེ་བསྐུལ། །
དུ་རུ་ཀ་ཡི་དམག་བཟློག་ཀྱང་། །
ཤི་རྨས་མེད་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ལ། །
མཁས་པ་ཙནྡྲ་གོ་མི་ཡིས། །
ལོ་བདུན་བར་དུ་རྩོད་བྱས་ཀྱང་། །
རྒོལ་བར་མ་ནུས་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
ཡང་དག་རིག་ལམ་སེང་གེའི་སྒྲས། །
ཕྱི་ནང་གྲུབ་མཐའི་གླང་པོ་ཀུན། །
འཇིགས་པར་བྱེད་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
ཀླུ་སྒྲུབ་ཡབ་སྲས་དགོངས་པའི་མཐིལ། །
མཁས་པ་སྟོང་གིས་མི་དཔོག་པ། །
ཇི་བཞིན་གསལ་བ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
ངེས་དོན་མཐར་ཐུག་ཐལ་འགྱུར་གཞུང་། །
འཛམ་གླིང་ཀུན་ཏུ་སྣང་བ་དང་། །
ལོག་སྨྲ་བཟློག་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
དངོས་པོའི་སྟོབས་ཞུགས་རིག་པའི་ལམ། །
མཐོང་ནས་མཁས་མཆོག་ལེགས་ལྡན་འབྱེད། །
རྗེས་སུ་འབྲང་བ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
གསང་སྔགས་ཐེག་པ་ཆེན་པོ་ནི། །
མཐའ་དྲུག་ཚུལ་བཞིན་རབ་བརྟགས་ནས། །
མྱུར་ལམ་བསྟན་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
མཆོག་གསང་རྡོ་རྗེ་སྙིང་པོའི་དོན། །
རྟོགས་ཏེ་འཕོ་ཆེན་དྭངས་མའི་སྐུ། །
སྐྱེ་ཤི་སྤངས་པ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
ཕྱོགས་རིས་མེད་པའི་ཐུགས་རྗེ་ཡིས། །
ཕྱི་མའི་མུ་མཐའ་ཐུག་པ་རུ། །
འགྲོ་བ་སྒྲོལ་བ་ངོ་མཚར་ཆེ། །

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །
མཚན་ཙམ་ཐོས་པས་ཚེ་རབས་ཀུན། །
རྨོངས་པའི་མུན་པ་སེལ་མཛད་ཅིང་། །
ཡེ་ཤེས་སྟེར་བ་ངོ་མཚར་ཆེ། །

བྱམས་མགོན་སྙིང་རྗེའི་བློ་ཅན་ལ། །
གསོལ་བ་འདེབས་པའི་སྐྱེ་བོ་ཀུན། །
མེ་ཡིས་མི་འཚིག་ཆུས་མི་འཁྱེར། །
རླུང་གིས་འཐོར་བ་ག་ལ་ནུས། །

དེ་ལྟར་ངོ་མཚར་ཚིགས་བཅད་ཀྱིས། །
བསྟོད་པས་བདག་གཞན་འགྲོ་བ་རྣམས། །
མགོན་པོ་ཁྱོད་ཀྱི་རྗེས་ཞུགས་ནས། །
སྟོང་པ་ཉིད་ནི་རྟོགས་པར་ཤོག །

ཨོཾ་ཨ་ར་པ་ཙ་ན་དྷིཿ

གཞན་ཕན་སྣང་བས་ཟླ་གྲགས་བསྟོད་པ་འདི་ཤེས་རབ་འཕེལ་བའི་ཐབས་སུ་གྱུར་པ་ཡིན་ནོ། །

ཅེས་པའང་གཞན་ཕན་སྣང་བས་མཛད་པ་དགེའོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept