Aspiration to Travel to Pemokö—Tibetan

Places › TibetPemakö | Practices › Pilgrimage | Practices › Aspiration Prayers | བོད་ཀྱི་བླ་མ།སླེ་ལུང་བཞད་པའི་རྡོ་རྗེ།

English | བོད་ཡིག

སླེ་ལུང་བཞད་པའི་རྡོ་རྗེ།

སླེ་ལུང་བཞད་པའི་རྡོ་རྗེ།

Further information:
Download this text:

༄༅། །སྦས་ཡུལ་པདྨོ་བཀོད་དུ་བགྲོད་བའི་སྨོན་ལམ་བཞུགས་སོ།།

 

རྩ་གསུམ་ཀུན་འདུས་པདྨ་ཐོད་འཕྲེང་རྩལ། །

དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས། །

བདག་གི་སྨོན་པ་འགྲུབ་པའི་དཔང་པོ་རུ། །

ཐོགས་མེད་གཤེགས་ལ་འདིར་བཞུགས་དགོངས་སུ་གསོལ། །

 

བདག་གཞན་སྐྱེ་འཕགས་ཀུན་ཀྱི་དུས་གསུམ་དུ། །

བསགས་པའི་དགེ་ཚོགས་ཇི་སྙེད་བགྱིས་པ་དང་། །

རིག་འཛིན་མཁའ་འགྲོའི་ཐུགས་བསྐྱེད་བདེན་སྟོབས་ཀྱིས། །

སྨོན་པའི་དོན་འདི་ཐོགས་མེད་མྱུར་འགྲུབ་ཤོག །

 

གངས་ཅན་སྐྱེ་དགུའི་བསོད་ནམས་ཞིང་མཆོག་ཏུ། །

པདྨས་བྱིན་བརླབ་སྦས་གནས་ཀུན་ཀྱི་མཆོག །

མཁའ་སྤྱོད་གཉིས་པ་པདྨོ་བཀོད་འདི་ཡི། །

ངོ་མཚར་སྣང་བ་གཏན་ལ་ཕེབས་པར་ཤོག །

 

འབྱུང་བཞིའི་གཡང་བཅུད་སྣོད་ཀྱི་དགེ་བཅུ་རྒྱས། །

ལོ་ལེགས་སྐྱ་རྒྱལ་འདོད་དགུ་ངང་གིས་འདུ། །

ནད་ཡམས་འཁྲུགས་རྩོད་དུས་ཀྱི་ཆད་པ་ཀུན། །

མིང་ཡང་མི་གྲགས་རྟག་ཏུ་ཤིས་པར་ཤོག །

 

ཀླ་ཀློ་མི་རྒོད་གཅན་གཟན་འབུ་སྦྲང་སོགས། །

མཆུ་སྡེར་མཆེ་བ་ཅན་ཀྱི་གདུག་རྩུབ་དང་། །

གནས་སྲུང་སྡེ་བརྒྱད་མཁའ་འགྲོའི་ཆོ་འཕྲུལ་སོགས། །

གཟུགས་མེད་འཚུབ་མའི་བར་ཆད་ཞི་བར་ཤོག །

 

སྐྲངས་འབུར་ཤུ་ཐོར་ཚད་ནད་རྐང་འབམ་དང་། །

དམུ་ཆུ་གྲང་བ་ཆུ་སེར་ལ་སོགས་པའི། །

འབྱུང་བཞིའི་ནད་དང་དུག་རླངས་རྒྱུན་ཆད་ཅིང་། །

དོན་གཉེར་ཅན་ཀུན་བགེགས་མེད་བགྲོད་པར་ཤོག །

 

གངས་ཅན་བོད་ཀྱི་སྐལ་ལྡན་ཀུན་འདུ་ཞིང་། །

བཤད་སྒྲུབ་ཐུབ་བསྟན་སྙིང་པོ་དར་བ་དང་། །

ཁྱད་པར་རྡོ་རྗེའི་ཐེག་པའི་མྱུར་ལམ་ལས། །

སྦས་གནས་གྲུབ་ཐོབ་ཕོ་མོས་གང་བར་ཤོག །

 

གང་ཞིག་གནས་འདིར་བགྲོད་པ་ཙམ་བགྱིས་མོས། །

སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་དག་ནས། །

ཉམས་དང་རྟོགས་པ་ངང་གྱིས་འབར་བ་དང་། །

རྩ་རླུང་ཐིག་ལེ་སྨིན་ཅིང་གྲོལ་བར་ཤོག །

 

གནས་འདིའི་སྒོ་འབྱེད་བཞད་པའི་རྡོ་རྗེ་དང་། །

རྒྱལ་ཡུམ་ལྷ་གཅིག་རྡོ་རྗེ་སྐྱབས་བྱེད་ཀྱི། །

ཐུགས་ཀྱི་བཞེད་པ་ཇི་བཞིན་འགྲུབ་པ་དང་། །

བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག །

 

གསང་མཆོག་མཁའ་འགྲོ་རྒྱ་མཚོས་ལུང་བསྟན་པའི། །

སྣ་འདྲེན་དཔའ་བོ་དཔལ་རྒྱལ་རྗེ་འབངས་ཀུན། །

གནས་སྐབས་མངོན་མཐོའི་ལེགས་ཚོགས་ཀུན་རྒྱས་ཤིང་། །

མཐར་ཐུག་པདྨ་འོད་དུ་གྲོལ་བར་ཤོག །

 

མཁའ་འགྲོ་རྒྱ་མཚོས་རྟག་ཏུ་གྲོགས་མཛད་ཅིང་། །

དམ་ཅན་སྲུང་མས་འཕྲིན་ལས་སྒྲུབ་པ་དང་། །

ཇི་ལྟར་བརྩིས་པའི་ལས་ཀྱི་བྱ་བ་ཀུན། །

བསྟན་འགྲོའི་དོན་ཆེན་ཁོ་ནར་འགྱུར་བར་ཤོག །

 

གནས་འདིའི་ཕྱོགས་སུ་ངལ་བ་བརྟེན་པ་ཀུན། །

རྟག་ཏུ་བླ་མ་མཁའ་འགྲོས་རྗེས་བཟུང་སྟེ། །

ཐུགས་རྗེའི་བྱིན་རླབས་སྙིང་ལ་འཇུག་པ་དང་། །

འདི་ཕྱིའི་དོན་རྣམས་ངང་གིས་འགྲུབ་པར་ཤོག །

 

སྤྲུལ་པའི་གནས་འདིའི་རྟེན་འབྲེལ་འགྲིག་པའི་མཐུས། །

གངས་ཅན་བོད་ཀྱི་མཐའ་དམག་ཀུན་བཟློག་ཅིང་། །

སྐྱེ་དགུ་ཐམས་ཅད་བོད་ཞིང་སྐྱིད་པ་དང་། །

ཐུབ་པའི་བསྟན་པ་དར་ཞིང་རྒྱས་པར་ཤོག །

 

ངན་སོང་གསུམ་གྱི་སྡུག་བསྔལ་ཀུན་ཆད་ཅིང་། །

ཁམས་གསུམ་འོག་མིན་ཞིང་དུ་འབྱོངས་པ་དང་། །

ཇི་སྲིད་ནམ་མཁའ་ཟད་པར་མ་གྱུར་བར། །

གསང་གསུམ་རྒྱན་གྱི་འཁོར་ལོ་འབར་བར་ཤོག །

 

ཅེས་ལའང་དཔའ་བོའི་ཁྱུ་མཆོག་འོར་ཤོད་ཨོ་རང་གི་ཁྱིམ་བདག་ཆེན་པོ་དཔལ་རྒྱལ་གྱིས་སྦས་ཡུལ་ཆེན་པོ་པདྨ་བཀོད་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་ཆ་ལས་གནས་ནང་སྡིངས་ཀྱི་སྒྲུབ་སྡེ་པདྨ་འོད་གླིང་གི་འདུས་པ་རྣམས་ལ་རྒྱུན་དུ་བཙུགས་ཆོག་པ་དགོས་ཚུལ་གྱིས་བསྐུལ་མ་མཛད་པ་བཞིན་རིག་པ་འཛིན་པ་བཞད་པའི་རྡོ་རྗེས་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་སྤྲེའུ་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་པདྨ་ཡང་སྡོང་གི་ཁང་བུར་ཤར་མར་སྤེལ་བའི་ཡི་གེ་པ་ནི་རྡོ་རྗེ་གསང་བདག་གོ།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept