གསོལ་བ་འདེབས་པའི་རབས་པདྨ་སྟོང་ལྡན།
༄༅། །གསོལ་བ་འདེབས་པའི་རབས་པདྨ་སྟོང་ལྡན་ཞེས་བྱ་བ།
ཨོཾ་ཨཱཿཧཱུྃཿགུ་རུ་ཀུ་མ་རཱ་ཛ་ལ་ན་མོ། །
གདོད་མའི་མགོན་དང་རྣམ་དབྱེར་མི་ཕྱེད་ཅིང༌། །
རིག་འཛིན་ཆེན་པོ་བི་མ་མི་ཏྲ་དངོས། །
ཡོན་ཏན་རྒྱ་མཚོ་ནམ་མཁའི་མཐའ་དང་མཉམ། །
ཆོས་རྗེ་ཀུ་མ་རཱ་ཛའི་ཞབས་ལ་འདུད། །
དཔལ་ལྡན་ཚོགས་གཉིས་ཡོན་ཏན་རྫོགས་པའི་གཙོ། །
འཇིག་རྟེན་གསུམ་མགོན་ཆོས་རྗེ་བླ་མ་ལ། །
དད་པའི་གདུང་ཤུགས་གཡོ་བས་ཕྱག་འཚལ་ཞིང༌། །
སྙིང་ནས་མཆི་མ་འཁྲུགས་པས་སྐྱབས་སུ་འཆི། །
སྐུ་ཚེ་སྔ་མའི་སྔ་མ་དཔག་མེད་ནས། །
མཐའ་ཡས་འགྲོ་ལ་ཐུགས་རྗེའི་སྤྱན་དབྱེ་བས། །
དེ་རིང་འགྲོ་བ་ཀུན་གྱི་གཉེན་གྱུར་ཅིག །
འདིར་ཡང་ས་སྟེང་འཇིག་རྟེན་རྒྱན་གྱུར་མཆོག །
བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་མཛད་ཅིང༌། །
རླབས་ཆེན་སྤྱོད་པ་དམ་པའི་ཁུར་བསྣམས་ཏེ། །
སྣ་ཚོགས་མཛད་པས་འགྲོ་ཀུན་བདེ་ལ་བཀོད། །
གྲགས་དཀར་ཡོན་ཏན་ཕྲེང་བས་གནམ་ས་ཁྱབ། །
སླར་ཡང་རྟག་པར་འཛིན་རྣམས་གདུལ་བྱའི་ཕྱིར། །
ཐ་མའི་མཛད་པས་ཤར་ཕྱོགས་དང་ལུང་དུ། །
ཆུ་མོ་ལུག་ལོའི་སྟོན་ཟླ་ཐ་ཆུང་ལ། །
མི་རྟག་མྱ་ངན་འདའ་འཚུལ་བསྟན་པར་གྱུར། །
རྒྱན་གྱུར་འཇིག་རྟེན་བླ་མ་དེ་གཤེགས་ཏེ། །
ཡིད་བཞིན་ནོར་བུ་རིན་ཆེན་དབྱིངས་སུ་སྟོར། །
བསྟན་པ་རིན་ཆེན་དཔག་བསམ་ཤིང་ཆག་སྟེ། །
གྲུ་ཆེན་འཇིག་རྟེན་བླ་མ་དེ་རིང་ཞིག །
རྣམ་པ་ཀུན་ཏུ་ལྷ་རྫས་ཆར་འབབ་ཅིང༌། །
འོད་ཟེར་ལྔ་ལྡན་ཡེ་ཤེས་སྣང་བ་གསལ། །
ལྷར་བཅས་འཇིག་རྟེན་ངོ་མཚར་ཡིད་གཡོས་ཏེ། །
མཁའ་འགྲོས་མཆོད་སྤྲིན་སིལ་སྙན་སྒྲ་བསྒྲགས་ཏེ། །
སྔོན་མེད་སྣང་བ་ངོ་མཚར་དཔག་མེད་ཅིང༌། །
སྤོས་བསུང་དྲི་དང་དུས་མིན་རོལ་མོས་གང༌། །
ཉིན་མཚན་ཁོར་ཡུག་འོད་ལྔའི་མདངས་ཤར་བས། །
བྱང་ཆུབ་སྙིང་པོར་འགྲོ་བ་འདྲེན་པར་མཛོད། །
ས་འདི་རིར་བཅས་ཞི་བས་ཆེར་གཡོས་ཤིང༌། །
ནགས་ཚལ་ལྗོན་ཤིང་འདུད་པས་ཕྱག་ཀྱང་འཚལ། །
མེ་ཏོག་ཆུ་གཙང་འཛུམ་པའི་མདངས་གསལ་ཞིང༌། །
བྱ་དང་རི་དྭགས་སྒྲ་འབྱིན་སྐྱབས་སུ་འགྲོ། །
མཁའ་འགྲོའི་སྤྲིན་ཕུང་འདུ་བས་སྔུན་བསུས་ཏེ། །
རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས་པར་གྱུར། །
བསྟན་པའི་ཉི་མ་དེ་རིང་འདིར་ནུབ་སྟེ། །
འཚོ་བྱེད་སྨན་གྱི་རྒྱལ་པོ་གཤེགས་ཀྱིས་མེད། །
ཐར་ལམ་དེད་དཔོན་དམ་པ་ཞིག་གྱུར་ཅིང༌། །
བདེ་ལེགས་ཀུན་འབྱུང་ཡིད་བཞིན་ནོར་བུ་སྟོར། །
ཀྱེ་མ་ཀྱེ་ཧུད་འཇིག་རྟེན་སྟོངས་ཀྱིས་མེད། །
དཀར་ཕྱོགས་ཡེ་ཤེས་ཉིན་བྱེད་ནུབ་གྱུར་ཅིང༌། །
བདུད་རིགས་མུན་པའི་ཚོགས་རྣམས་རྒྱས་གྱུར་ཏེ། །
རྒྱལ་ཁམས་ཀུན་ཏུ་དུས་ཚིགས་ཡོལ་བར་གྱུར། །
ཞིང་དེའི་སྣང་བ་དམ་པའང་ནུབ་གྱུར་ལ། །
ལྷ་མིའི་འཇིག་རྟེན་མ་རིག་མུན་པས་ལྡོངས། །
ཐར་གླིང་ས་མཁན་ཆེན་པོ་དེ་མེད་པས། །
ད་ནི་འགྲོ་བ་མྱ་ངན་བྱ་བའི་རིགས། །
རྒྱལ་བ་དྲན་དང་མྱ་ངན་འདའ་བསམ་པས། །
ཞི་བའི་གླིང་འགྲོ་ཡོན་ཏན་བསམ་མི་ཁྱབ། །
ཆོས་དེ་ཚད་མེད་ལེགས་པར་གསུངས་པ་སྟེ། །
དེ་བས་ཆེས་ལྷག་དགེ་ཚོགས་རྣམས་འཕེལ་འགྱུར། །
ཀྱེ་མ་ཀྱི་ཧུད་ཐུགས་རྗེའི་དབྱིང་རུམ་ནས། །
མགོན་མེད་བདག་གི་གདུང་བའི་ཚིག་འདི་གསོན། །
སྣ་ཚོགས་སྡུག་བསྔལ་མང་ལྡན་འཁོར་བ་པ། །
མགོན་མེད་དཔུང་གཉེན་བྲལ་བའི་ཚོགས་རྣམས་དང༌། །
བདག་ཅག་དད་ལྡན་ལྟོས་པའི་སྐྱེ་དགུ་རྣམས། །
ད་ནི་ཅི་བྱ་སུ་ལ་རེ་བར་བྱ། །
བསྟན་ལ་མངོན་པར་ལྷགས་པའི་ལྷ་རྣམས་དང༌། །
དད་ལྡན་མི་རྣམས་མྱ་ངན་མེས་གདུངས་ཤིང༌། །
དུས་འདིར་ཕན་བཞེད་བྱེད་པའི་ལྗོན་ཤིང་ཆག །
སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་གྱུར། །
བདག་ཅག་གདུལ་བྱའི་བསོད་ནམས་མཚོ་བསིལ་སྐམ། །
ཞི་གྱུར་རིན་ཆེན་བླ་མ་དབྱིངས་སུ་ཡལ། །
ཆོས་ཀྱི་གླང་པོ་དེ་རིང་གཟིམས་པར་གྱུར། །
རང་བཞིན་འོད་གསལ་ཡེ་ཤེས་ཉི་མ་ནུབ། །
ཕན་བདེའི་འོད་དཀར་ནུབ་རིའི་རྒྱབ་ཏུ་ཡོལ། །
ལྷ་མིའི་བདེ་འབྱུང་བུམ་པ་བཟང་པོ་ཆག །
ས་མཁན་དེད་དཔོན་རིག་འཛིན་བླ་མ་གཤེགས། །
གླིང་བཞི་འཇིག་རྟེན་རྒྱན་གྱུར་སྟོངས་སོ་ཀྱེ། །
ཐུགས་རྗེ་ཅན་ཡང་བརྩེ་བ་སྤོངས་བ་བཞིན། །
བདག་ཅག་བོར་ནས་ཞིང་ཁམས་གཞན་དུ་གཤེགས། །
མགོན་མེད་སྐྱེ་དགུ་རེ་ཞིང་ལྟོས་པ་རྣམས། །
རང་བཞིན་དོར་ནས་ཡལ་བར་འདོར་ཕོད་དམ། །
དུས་མིན་ཉི་ཟླའི་འགྲོས་ཀྱང་མ་ལོག་ལ། །
ས་དང་བར་སྣང་དག་ཀྱང་མ་འཆོལ་ན། །
བདག་ཅག་རྣམས་ལ་དུས་ཚིག་འདི་ལྟ་བུ། །
མྱ་ངན་གདུངས་པས་སྙིང་ལ་ཁྱབ་པར་གྱུར། །
གང་དུ་བསམས་ཀྱང་དེད་དཔོན་བླ་མ་དྲན། །
རི་རྩེ་ནགས་ཀྱི་མཐོངས་དང་གངས་རིའི་འདབས། །
སྒྲུབ་པའི་གནས་མཆོག་སྔོན་ཆད་དགྱེས་དགྱེས་པས། །
ས་ཕྱོགས་གང་ན་འང་དེང་ནས་ཡོངས་མི་བཞུགས། །
ཉེ་འཁོར་ཉེ་བར་སྤྱད་པའི་ཚོགས་མཐོང་ནས། །
དགྱེས་པའི་སྤྱན་མཆོག་གཟིགས་པར་མཛད་དེའང་གྲོངས། །
འོད་གསལ་རིན་ཆེན་ཆོས་ཉིད་བསྒོམ་བསམ་ཡང༌། །
དམ་པའི་གསུང་རྣམས་དྲན་ནས་མཆི་མ་ཤོར། །
ལྷར་བཅས་འགྲོ་བའི་བསོད་ནམས་དཔག་བསམ་ཤིང༌། །
ཕན་བདེའི་ཡལ་འདབ་རྒྱས་པར་མི་མཛད་པར། །
དུས་མིན་མེ་ཏོག་འབྲས་བུ་སྐོམ་གྱུར་ཏེ། །
གདུལ་བྱའི་བྱ་ཚོགས་ད་ནི་གང་དུ་བསྟེན། །
འཁོར་བ་མི་བཟད་སྡུག་བསྔལ་དུ་མའི་ཕྲེང༌། །
བསྒྲོད་དཀར་ཞུགས་ལ་བརྩེ་བས་མི་གཟིགས་པར། །
འཇིགས་པའི་འཕྲང་ལས་སྐྱེལ་མས་བསླུས་པ་བཞིན། །
བདག་ཅག་དོར་ནས་མགོན་པོ་གང་དུ་གཤེགས། །
དུས་གསུམ་རྒྱལ་བ་ཀུན་དང་དབྱེད་མེད་ཅིང༌། །
དཔག་མེད་མཛད་པས་འགྲོ་བའི་ཁ་ལོ་བསྒྱུར། །
མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙིལ་བ། །
ཡོན་ཏན་རྒྱ་མཚོའི་བླ་མ་གང་དུ་གཤེགས། །
བརྩེ་བའི་ཐུགས་རྗེ་གཞན་ལས་ལྷག་གྱུར་ཅིང༌། །
མཛད་པའི་ཕྲིན་ལས་གནས་རིགས་ཁྱབ་པར་འདུག །
སྤྱན་དང་མངོན་ཤེས་སྤང་རྟོགས་ཕུན་སུམ་ཚོགས། །
འཕགས་པའི་བླ་མ་དེ་རིང་གང་དུ་གཤེགས། །
ཐུགས་རྗེའི་མཁའ་ལ་མཁྱེན་བརྩེའི་སྤྲིན་འཁྲིགས་ཏེ། །
ཕྱི་ནང་གསང་བའི་ཆོས་ཆེན་ཆར་འབེབས་པས། །
མ་ལུས་འགྲོ་བའི་རེ་བ་སྐོང་མཛད་པ། །
མཆོག་གྱུར་བསྟན་པའི་རྩ་ལག་གང་དུ་གཤེགས། །
མགོན་པོ་གངས་རིའི་དཀྱིལ་འཁོར་རྒྱས་པ་ལ། །
ཐུགས་རྗེ་ཞི་བ་བསིལ་བའི་རྒྱུན་བབས་པས། །
འགྲོ་ཀུན་ཉོན་མོངས་མེ་ཚོགས་ཞི་མཛད་པ། །
ས་འཛིན་འཇིག་རྟེན་གསུམ་མགོན་གང་དུ་གཤེགས། །
ཚོགས་གཉིས་པད་རྫིང་ཡན་ལག་བརྒྱད་ལྡན་ནས། །
དད་ལྡན་བུང་བ་མང་པོའི་ཚོགས་རྣམས་ལ། །
ཞི་བདེའི་དགའ་སྟོན་དམ་པ་མི་འགྱེད་པར། །
རྣམ་གྲོལ་ཡོན་ཏན་ཚོགས་ཆེན་གང་དུ་གཤེགས། །
ས་གསུམ་སྐྱེ་དགུ་ཞི་ལ་བཞག་གོ་ཞེས། །
ཕན་བདེའི་འོད་སྟོང་དྲ་བ་བགྱེད་མཛད་ཅིང༌། །
འགྲོ་བའི་ལམ་ཡངས་དཀར་པོར་མཛད་པ་ཅན། །
དགེ་ལེགས་ཉིན་མོའི་དབང་ཕྱུག་གང་དུ་གཤེགས། །
འཁོར་ཚོགས་དབུས་ན་ཆ་ཤས་གསལ་བའི་སྐུ། །
བྱམས་པའི་ཞལ་བཟང་ལྟ་བས་མི་ངོམས་ལ། །
ཐུགས་རྗེའི་ཕྱག་གཉིས་འགྲོ་ལ་རྐྱོང་མཛད་པ། །
མགོན་པོ་སྟོན་ཟླའི་དཀྱིལ་འཁོར་གང་དུ་གཤེགས། །
འཁོར་བའི་ཆུ་གཏེར་ཤིན་ཏུ་བརྒལ་དཀའ་ལས། །
སྲིད་གསུམ་རྒྱ་མཚོའི་ཕ་རོལ་སྒྲོལ་མཛད་ཅིང༌། །
ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །
གྲུ་ཆེན་མཉན་པའི་རྒྱལ་པོ་གང་དུ་གཤེགས། །
ཐོག་མེད་དུས་ནས་ཉེ་བར་གོམས་པ་ཡིས། །
འཁོར་བའི་གཅོང་ནད་ཤིན་ཏུ་སྦྱང་དཀའ་བར། །
ཞི་མཛད་བདུད་རྩིའི་གསོས་སྨན་ཀུན་གྱི་བདག །
འཚོ་བྱེད་སྨན་པའི་རྒྱལ་པོ་གང་དུ་གཤེགས། །
ཉི་ཟླའི་སྣང་བས་གསལ་བར་མ་ནུས་པའི། །
གཏི་མུག་མུན་པ་རྨད་བྱུང་སེལ་མཛད་ཅིང༌། །
གདུལ་བྱའི་མཁའ་ལ་མཁྱེན་བརྩེའི་རྣམ་གྲོལ་ཅན། །
སྔོན་མེད་ནམ་མཁའི་ནོར་བུ་གང་དུ་གཤེགས། །
རླབས་ཆེན་མཛད་པ་ཐུགས་རྗེའི་རང་བཞིན་ནི། །
ཆུ་སྲིན་འཛིན་པ་ཁྲི་ཡིས་མི་བསྐྲུན་པ། །
འབྱུང་པོ་འཛིན་མ་འདི་ན་མཚུངས་པ་མེད། །
དཔག་ཡས་སྐྱེ་དགུའི་བླ་མ་གང་དུ་གཤེགས། །
མི་གཡོ་དྭངས་པ་རྒྱ་མཚོའི་རང་བཞིན་ལ། །
འདོད་འབྱུང་ནོར་བུ་གདེངས་ཅན་གཙུག་གིས་རྒྱན། །
ས་སྟེང་རྒྱན་གྱུར་མཚུངས་མེད་ཆོས་ཀྱི་རྗེ། །
གཞན་ལས་ཆེ་མཆོག་བླ་མ་གང་དུ་གཤེགས། །
བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ། །
མཐོང་བ་ཙམ་གྱིས་དད་པའི་རླབས་གཡོ་ཞིང༌། །
འགྲོ་ཀུན་བསོད་ནམས་ཞིང་གི་མཆོག་གྱུར་པ། །
ལྷར་བཅས་འཇིག་རྟེན་མཆོད་སྡོང་གང་དུ་གཤེགས། །
འཁོར་གྱི་ཁྱམས་སུ་ཚངས་དབྱངས་སེངྒེའི་སྒྲ། །
དམ་ཆོས་རིན་ཆེན་ཆར་པ་འབེབབས་མཛད་ཅིང༌། །
མ་རིག་ཐེ་ཚོམ་དྲ་བ་གཅོད་ལ་མཁས། །
ཡེ་ཤེས་རྔ་སྒྲའི་བླ་མ་གང་དུ་གཤེགས། །
ཆོས་ཉིད་མི་གཡོ་ཏིང་འཛིན་ཡངས་པའི་ཀློང༌། །
འོད་གསལ་ཉི་ཟླ་དགོངས་ཀློང་རྒྱ་ཆེ་ཞིང༌། །
མཉམ་རྗེས་དབྱེར་མེད་རྟག་ཏུ་ཆོས་སྐུའི་ངང༌། །
དབྱིངས་རིག་མཐར་ཕྱིན་བླ་མ་གང་དུ་གཤེགས། །
དཔག་མེད་དུས་ནས་མཁྱེན་བརྩེ་རླབས་ཆེ་ཞིང༌། །
ལུང་རིག་མན་ངག་སྙིང་པོའི་གངས་ཆེན་མཚོ། །
བྱིན་རླབས་དངོས་གྲུབ་རིན་ཆེན་འབྱུང་བའི་གནས། །
ཡོན་ཏན་རྒྱ་མཚོའི་བླ་མ་གང་དུ་གཤེགས། །
ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་བརྙེས་ཤིང༌། །
རླབས་ཆེན་མཛད་པས་གདུལ་བྱ་གང་དུ་སྐྱོང༌། །
འོད་གསལ་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པ། །
སྟོབས་ཆེན་རྒྱལ་བའི་རྣམ་འཕྲུལ་གང་དུ་གཤེགས། །
བདག་ཅག་དད་ལྡན་འགྲོ་ལ་མི་གཟིགས་པར། །
གདོད་མའི་དབྱིངས་སུ་ཞི་ལ་ཐུགས་གཞོལ་བ། །
བརྩེ་ཆེན་ཐབས་མཁས་ཐུགས་རྗེ་གང་དུ་གཤེགས། །
སླན་ཆད་ཁྱེད་ཞལ་མཐོང་བའི་སྐབས་མཆིས་སམ། །
ཐ་མའི་མཛད་པ་མངོན་པར་སྐྱོ་བའི་གནས། །
དགེ་བའི་འཇིག་རྟེན་སྟོང་ལ་མི་གཟིགས་སམ། །
སྡུག་བསྔལ་མང་ལྡན་མེ་ཚོགས་སྤུངས་པ་འདིར། །
ཐུགས་རྗེའི་ཆར་རྒྱུན་བསིལ་བས་མི་སྦྱོང་ངམ། །
མགོན་གྱུར་དག་ཀྱང་རེ་བ་མེད་མཛད་ན། །
བདག་ཅག་རྣམས་ལ་སུ་ཞིག་སྐྱབས་སུ་གྱུར། །
ཀྱེ་མ་སྐྱབས་མཆོག་བླ་མ་ཐུགས་རྗེ་ཅན། །
ཞི་བའི་དབྱིངས་ནས་ཐུགས་རྗེས་ཕྱག་རྐྱོངས་ལ། །
བདག་ཅག་འགྲོ་ཀུན་དེ་རིང་དྲང་དུ་གསོལ། །
འཁོར་བའི་རྒྱ་མཚོ་སྟོངས་པར་མཛད་དུ་གསོལ། །
དེ་ལྟར་གདུང་བས་ཉིན་མཚན་གསོལ་བ་འདེབས། །
གུས་པས་ཕྱག་འཚལ་རྟག་ཏུ་སྐྱབས་སུ་མཆི། །
བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །
དུས་རྣམས་རྟག་ཏུ་འདྲེན་མཆོག་མཛད་དུ་གསོལ། །
མཐའ་ཡས་ཞིང་དང་འགྲོ་བ་ཇི་ཙམ་པར། །
བློ་ཡིས་མངོན་སྤྲུལ་དེ་དག་ཐལ་སྦྱོར་ཏེ། །
དད་བརྒྱའི་འདབ་སྟོང་གཡོ་བས་ཕྱག་འཚལ་ཞིང༌། །
བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད་པར་བགྱི། །
འགྲོ་བའི་མགོན་པོ་ཤིན་ཏུ་ཐུགས་རྗེ་ཅན། །
རྒྱན་གྱུར་འཇིག་རྟེན་བླ་མ་དེང་ཤར་ཏེ། །
འོད་གསལ་སྙིང་པོའི་བསྟན་པ་གསལ་མཛད་ནས། །
ཞི་བའི་དབྱིངས་སུ་གཤེགས་ལ་གུས་ཕྱག་འཚལ། །
ཐུགས་རྗེས་རྟག་ཏུ་འཁོར་བ་ཡོངས་བཟུང་སྟེ། །
ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་བར། །
འགྲོ་ལ་ཕན་གཟིགས་ཐ་མའི་མཛད་པ་ཡིས། །
ངོ་མཚར་འཇིག་རྟེན་ཁྱབ་ལ་གུས་ཕྱག་འཚལ། །
སྟོན་ཁའི་ཟླ་བ་དང་པོ་ཞི་བ་ཡིས། །
ནགས་ཁྲོད་དམ་པར་སྐུ་ཚེ་གཏོང་བ་ལས། །
སླར་ཡང་བྱིན་རླབས་ཐུགས་རྗེས་རྨད་དུ་བྱུང༌། །
རྒྱལ་བའི་མཛད་པར་མཚུངས་ལ་གུས་ཕྱག་འཚལ། །
གང་དུ་མགོན་པོ་མྱ་ངན་འདས་གྱུར་པ། །
དེ་ཚེ་ས་དང་ནགས་ཚལ་བཅས་པ་གཡོས། །
དུས་མིན་སྒྲ་དང་སིལ་སྙན་དཔག་མེད་འཁྲོལ། །
ལྷ་རྫས་མཆོད་པས་མཛེས་ལ་གུས་ཕྱག་འཚལ། །
ཕྱོགས་རྣམས་སྟོན་ཁའི་མདོག་བཟང་མཛེས་པ་ལས། །
དད་པའི་མཁའ་དབྱིངས་འོད་ལྔའི་བླ་རེ་བྲེས། །
དྲྭ་བ་དྲྭ་ཕྱེད་ཟླུམ་འཁྲིམས་ཟ་འོག་རིས། །
རབ་འཁྱིལ་སྣང་བ་ཤར་ལ་གུས་ཕྱག་འཚལ། །
སྐུ་གདུང་མཆོད་ལས་ཉིན་མཚན་ཕྱད་པར་ཡང༌། །
མཁའ་འགྲོའི་སྒྲ་དང་སིལ་སྙན་གླིང་བུ་དང༌། །
ལྷ་རྫས་རོལ་མོ་འོད་ལྔའི་སྣང་བར་བཅས། །
ཡ་མཚན་མཆོད་སྤྲིན་མཐོ་ལ་གུས་ཕྱག་འཚལ། །
གང་ལ་སྐུ་གདུང་ཞུགས་ཀྱིས་འབར་བ་ན། །
འོད་ལྔའི་སྣང་བས་ནམ་མཁའ་ཁྱབ་གྱུར་ཅིང༌། །
འགྲོ་ཀུན་མི་རྟོག་བསམ་གཏན་ས་ལ་གནས། །
ངོ་མཚར་སྣང་བས་ཁྱབ་ལ་གུས་ཕྱག་འཚལ། །
དེ་ཚེ་མཁའ་ལ་སྙན་པའི་སྒྲ་གྲགས་ཤིང༌། །
དུད་སྤྲིན་རྩེ་ལ་འོད་ཟེར་ཚོགས་ཤར་བས། །
ནམ་མཁའི་དབྱིངས་ཁྱབ་ཁྱད་པར་ནུབ་ཕྱོགས་གསལ། །
འགྲོ་བའི་ཡིད་རབ་གཡོ་ལ་གུས་ཕྱག་འཚལ། །
ཐབས་ཀྱི་སྐུ་གདུང་རྒྱས་པར་མཛད་པ་ལས། །
དབུ་ཐོད་རིལ་བུ་འོད་ལྔའི་དཀྱིལ་འཁོར་དུ། །
རང་བྱོན་འོད་ལྔའི་ཀློང་ན་རྫོགས་པར་བཞུགས། །
ངོ་མཚར་རྟེན་དུ་གྱུར་ལ་གུས་ཕྱག་འཚལ། །
སིལ་བུའི་གདུང་གཞུག་མཆོད་རྟེན་བཞེངས་པ་ནའང༌། །
འོད་ལྔའི་གདུགས་དང་བླ་རེས་རྒྱལ་མཚན་མཆོག །
ནམ་མཁའི་དབྱིངས་ན་སྣང་བས་མཛེས་གྱུར་པ། །
བསོད་ནམས་ཞིང་དུ་གྱུར་ལ་གུས་ཕྱག་འཚལ། །
དམ་པ་རྣམས་ཀྱི་ཚུལ་འདི་བསམ་མི་ཁྱབ། །
སྲིད་པ་ཇི་སྲིད་ཕན་བདེ་མཛད་པ་སྟེ། །
འདི་ཡི་རླབས་ཆེན་སྤྱོད་པ་མཐའ་ཡས་པ། །
འདི་ལྟ་འོ་ཞེས་བསམ་པའི་ཡུལ་ལས་འདས། །
ལ་ལར་གཤེགས་དང་ལ་ལར་བལྟམས་པ་དང༌། །
ལ་ལར་མཉམ་གཞག་ལ་ལར་ཞིང་རྣམས་སྦྱོང༌། །
ལ་ལར་དོན་མཛད་ལ་ལར་བདུད་རྣམས་འདུལ། །
དབྱིངས་ལས་མི་གཡོ་སྤྲུལ་པ་རྒྱུན་མི་ཆད། །
དེ་སླད་བདག་ཅག་དོན་ལྡན་འགྲོ་བ་རྣམས། །
འཁོར་བའི་གནས་ནས་ཞི་བའི་ནགས་འདབས་སུ། །
འདི་ཡི་ཐུགས་རྗེས་མྱུར་དུ་འདྲེན་ངེས་པས། །
དུས་མེད་རྒྱུན་དུ་གུས་པས་གསོལ་བ་འདེབས། །
དམ་པ་འདི་དང་འགའ་ཞིག་ཕྲད་གྱུར་ཏེ། །
གསུང་ཙམ་ཐོས་དང་ཞལ་མཐོང་སྐྱེ་དགུ་རྣམས། །
ངན་སོང་རྣམས་ཆད་ཐར་ལམ་བྱང་ཆུབ་རྙེད། །
དེ་སོགས་ཡོན་ཏན་བརྗོད་ཀྱིས་ཡོངས་མི་ལངས། །
ལྷར་བཅས་འགྲོ་བའི་དེད་དཔོན་བླ་མ་ལ། །
བདག་ཞན་མ་ལུས་གུས་པས་ཕྱག་འཚལ་ཞིང༌། །
ནམ་མཁའི་མཐའ་ཀླས་ཏིང་འཛིན་སྤྲིན་ཚོགས་ཀྱིས། །
མངོན་པར་བཀང་སྟེ་བླ་མེད་མཆོད་སྤྲིན་བགྱི། །
ལུས་དང་ངག་ཡིད་སྡིག་ཀུན་ཅི་མཆིས་པ། །
ཐུགས་རྗེའི་ཟེར་གྱིས་བསལ་བར་མཛད་དུ་གསོལ། །
ལས་དང་ཉོན་མོངས་མེ་ཚོགས་ཇི་སྙེད་ཀུན། །
ཡེ་ཤེས་ཆུ་བོས་ཞི་བར་མཛད་དུ་གསོལ། །
དེང་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །
ཁྱེད་ཀྱིས་རྣམ་གྲོལ་ཐུགས་རྗེས་ཕྱག་རྐྱོངས་ལ། །
འཁོར་བ་ངན་སོང་སྡུག་བསྔལ་མི་འབྱུང་ཞིང༌། །
ཐེག་པ་དམན་ལས་བསྐྱབ་པར་མཛད་དུ་གསོལ། །
རྟག་ཏུ་བཤེས་གཉེན་དམ་པ་བརྟེན་བྱེད་ཅིང༌། །
འོད་གསལ་ཡེ་ཤེས་ས་དང་ལམ་རྫོགས་ནས། །
བྱང་ཆུབ་ཞི་བ་ཐོབ་པར་མཛད་དུ་གསོལ། །
བདག་ཅག་གང་དུ་སྐྱེ་བ་རྣམ་ཀུན་ཏུ། །
ཁྱེད་དང་མི་འབྲལ་བསྒྲོད་པ་གཅིག་པ་ཡིས། །
གཞན་དོན་རླབས་ཆེན་ཕྲིན་ལས་རྫོགས་པར་ཤོག །
ཐུགས་རྗེའི་སྤྱན་མཆོག་དམ་པ་དཀྱུས་རིང་བས། །
དུས་རྣམས་ཀུན་ཏུ་བདག་ཅག་གཟིགས་མཛོད་ལ། །
ཉེས་ཀུན་རྣམ་སེལ་ལེགས་དགུ་ལྷུན་གྲུབ་ནས། །
འདོད་དགུའི་རེ་བ་རྫོགས་པར་མཛད་དུ་གསོལ། །
སྐྱབས་དང་སྐྱོབ་པ་དཔུང་གཉེན་མཛད་དུ་གསོལ། །
མགོན་དང་བཤེས་དང་ས་མཁན་མཛད་དུ་གསོལ། །
ཡེ་ཤེས་འོད་གསལ་སྒྲོན་མེ་སྤར་དུ་གསོལ། །
འདུ་འབྲལ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །
དེ་ལྟར་བདག་བློ་མོས་པའི་གདུང་ཤུགས་ཀྱིས། །
མཆོག་ཏུ་གུས་པས་གསོལ་བ་བཏབ་པ་ཡི། །
དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །
འཆི་མེད་མྱ་ངན་མེད་པའི་གནས་ཐོབ་ཤོག །
བླ་མ་དམ་པ་ཀུ་མ་རཱ་ཛ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། གདུང་བའི་ཡིད་དང་སྨྲེ་སྔགས་ཀྱི་སྒོ་ནས་གསོལ་བ་འདེབས་པའི་རབས་པདྨ་སྟོང་ལྡན་ཞེས་བྱ་བ། བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཞིང་བདེ་བར་གཤེགས་པའི་གསུང་རབ་ཕལ་པོ་ཆེ་ལ་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་ལེགས་བར་སྦྱངས་པ། ཀུན་མཁྱེན་ངག་གི་དབང་པོས་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།ཤུ་བྷཾ།། སརྦ་མངྒལཾ།། །།
