བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གེ་སར་རྒྱལ་པོའི་གཡང་འབོད་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ།

English | བོད་ཡིག

༄༅། །གེ་སར་རྒྱལ་པོའི་གཡང་འབོད་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ།

 

བཀྲ་ཤིས་ཕྱྭ་ཆ་གཡང་རྟེན་དང༌། །
ཡིད་འོང་མཆོད་པ་རྒྱ་ཆེར་བཤམས། །
ལྷ་སྔགས་ཏིང་འཛིན་གཟི་བྱིན་བསྐྱེད། །
མདའ་དར་གཡབ་ཅིང་འདི་སྐད་བསྐུལ།

ཧཱུྃ། སྣང་སྟོང་རོལ་པ་ཆེན་པོ་ལས། །

ཤར་ཕྱོགས་རྨ་གཡང་ཆགས་པའི་ཡུལ། །

བཀྲ་ཤིས་གངས་དཀར་རི་ཡི་སྤོ། །

བདུད་རྩིའི་སྤྲིན་བཟང་ཏ་ལ་ལ། །

དབང་གི་གློག་དམར་ཁྱུགས་སེ་ཁྱུག །

སྙན་གྲགས་གཡུ་འབྲུག་འུ་རུ་རུ། །

བདེ་སྐྱིད་སྦྲང་ཆར་ཤ་ར་ར། །

ཕྱྭ་གཡང་ན་བུན་ཐིབས་སེ་ཐིབ། །

འཇའ་ཟེར་མེ་ཏོག་ཐོ་ལོ་ལོ། །

སྨན་སྤོས་དྲི་བཟང་དུངས་སེ་དུང༌། །

དེ་འདྲའི་མཐོང་བ་ཀུན་སྨོན་གླིང༌། །

ངོ་མཚར་ནོར་བུའི་ཕོ་བྲང་ན། །

དཔའ་བོ་གླིང་གི་རྒྱལ་པོ་ནི། །

གཡང་འཕེལ་ཀུན་གྱི་གཡང་ཆེན་པོ། །

བདེ་སྟོང་མཉམ་པའི་ཡེ་ཤེས་ཐུགས། །

རིགས་གསུམ་པདྨའི་སྒྱུ་འཕྲུལ་གར། །

མ་སངས་གཡང་གི་ནོར་བུ་བཞུགས། །

འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཚུལ། །

ཞལ་མཛེས་བཀྲག་སྣུམ་ཡ་ལ་ལ། །

གསེར་འཁོར་ནོར་བུ་བསམ་འཕེལ་འཛིན། །

དཔའ་བརྟུལ་དྭངས་སྨན་ཝེར་མ་དང༌། །

རྒྱབ་བརྟེན་རྨ་རྒྱལ་སྤོམ་ར་ནི། །

རྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར། །

རྒྱལ་མཚན་བ་དན་ནམ་མཁར་ཕྱར། །

དཔའ་བོ་གླིང་གི་སྐྱིད་བྲོ་ལ། །

ངོ་མཚར་ཕྱྭ་དང་གཡང་གི་དཔལ། །

 

དེ་རིང་དམ་ལྡན་རྣལ་འབྱོར་པས། །

མཆོད་པའི་ལས་ལ་སྤྱན་འདྲེན་ན། །

ཐོགས་པ་མེད་པར་འདིར་གཤེགས་ལ། །

 

མཆོད་དོ་བསྟོད་དོ་ཐུགས་དམ་བསྐུལ། །

བཀྲ་ཤིས་གཡང་གི་བྱིན་ཆེན་ཕོབ། །

སྣོད་བཅུད་བདེ་དྲོད་གཟི་མདངས་སྤོར། །

ཆོས་སྐྱོང་དམ་ཅན་དམ་ལ་གནས། །

དགྲ་བླ་ཝེར་མ་མཐུ་ཡང་ཆེ། །

གནོད་སྦྱིན་གཏེར་བདག་ལས་ལ་དབང༌། །

 

དེ་རིང་བསྐུལ་ལོ་སྙིང་གི་ལྷ། །

ཐོགས་མེད་དབང་གི་འོད་ཟེར་གྱིས། །

སྟེང་འོག་ཕྱོགས་མཚམས་གནས་པ་ཡི། །

བཀྲ་ཤིས་བདེ་སྐྱིད་ཕྱྭ་དང་གཡང༌། །

སྟོབས་འབྱོར་ནུས་པ་ཚེ་བཀྲག་མདངས། །

ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང༌། །

ཟས་གོས་དཔལ་ཡོན་མ་ལུས་པ། །

འོད་ལྔའི་ཐིག་ལེའི་རྣམ་པ་རུ། །

འདིར་ཁུག་འདིར་སྡུས་འདིར་སྟིམས་ལ། །

ཕྱྭ་ཆ་གཡང་གི་རྫས་རྣམས་དང༌། །

རྣལ་འབྱོར་ལུས་ངག་ཡིད་གསུམ་ལ། །

བྱང་ཆུབ་བར་དུ་མི་འབྲལ་བར། །

ནོར་བུ་བུམ་བཟང་དཔག་བསམ་ཤིང༌། །

གསེར་གྱི་སྙིང་པོའི་སྤྲིན་བཞིན་དུ། །

དགོས་འདོད་ཆར་པ་རྟག་ཏུ་ཕོབ། །

འདོད་རྒུའི་འབྱོར་པ་མཚོ་ལྟར་བསྐྱིལ། །

སྟོབས་དཔལ་མཐུ་ནུས་གོང་དུ་འཕེལ། །

རིགས་ཁམས་རྩ་རླུང་ཉམས་པ་གསོས། །

བཀྲ་ཤིས་ཕྱྭ་གཡང་གཟི་བྱིན་སྤོར། །

རེ་འབྲས་ད་ལྟ་ཉིད་དུ་སྨོན། །

སྲིད་ཞིའི་དྭངས་བཅུད་དབང་གྱུར་ནས། །

འདོད་པ་ཆོས་ཀྱི་དབྱིངས་སུ་ནི། །

མཐར་ཕྱིན་ཡེ་ཤེས་སྐུ་རུ་སྨིན། །

མཁའ་ཁྱབ་འགྲོ་ལ་ཕན་བདེའི་ཆར། །

རྟག་ཁྱབ་ལྷུན་གྲུབ་འབེབས་པར་མཛོད། །

ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷ་ར་ཡ་དྷ་ར་ཡ་ནི་རུནྡྷ་ནི་རུནྡྷ། ཨུརྞྞ་མ་ཎི་ཡེ་སྭཱ་ཧཱ།

ཨོཾ་ཁུ་ཡེ་ཁུ་ཡེ་ཕྱྭ་ཁུ་ཡེ། ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ། ཧཱུ་ཡེ་ཧུ་ཡེ་མ་ཧཱ་ཤྲཱི་ཡེ་བི་ཛ་ཡ་འདུ།

བདེ་སྐྱིད་དཔལ་འབྱོར་ཐམས་ཅད་པུཥྟི་ཀུ་རུ་ཡེ་སྭཱ་ཧཱ།

ཞེས་བྱའོ། །

 

མཐའ་བཞིའི་རྒྱལ་ཁམས་བྲན་བསྒྱུར་བའི། །
སེང་ཆེན་ནོར་བུ་དགྲ་འདུལ་ཉིད། །
རྟེན་འབྲེལ་དུས་དང་སྨོན་ལམ་གྱིས། །
ཕན་བྱེད་ལྷ་ཡི་རྒྱལ་པོར་གྱུར། །

དེ་ཕྱིར་ཕུན་ཚོགས་དཔལ་ཀུན་དང༌། །
ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང༌། །
སྔོན་བྱོན་མཁས་གྲུབ་དུ་མ་ཡི། །
ཐུགས་མཛོད་དཔལ་གྱི་བེའུ་ནས། །
འདི་ཡི་གཡང་སྒྲུབ་མ་ཎི་ཀ །
གཞན་ལ་མི་སྣང་རྒྱས་བཏབ་ན། །
རང་བཞིན་འདོད་རྒུ་འཇོ་ཞེས་གྲགས། །
དེ་ཡི་རྟེན་འབྲེལ་གསང་བའི་གནད། །
ཅུང་ཟད་བླ་མ་ཡི་དམ་གྱི། །
བྱིན་རླབས་མཐུ་ཡིས་ཡིད་ཆེས་པས། །
དེ་ཚེ་དགེ་བའི་སེམས་ཀྱིས་བྲིས། །

 

རབ་ཚེས་ཆུ་བྱ་ཟླ་༦ཚེས་༡༡ལ་རྫོང་གསར་བཀྲ་ཤིས་ལྷ་རྩེར་མི་ཕམ་པས་བྲིས་པའོ། །མངྒ་ལཾ། །ཀ་ཡ་ཨར་ཨ་སྨད། འདུ་སྨད་ཐི་ཕན། མངྒ་ལཾ། །

 

མི་ཕམ་རིན་པོ་ཆེ།

Gesar Series

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept