བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ།

English | Português | 中文 | བོད་ཡིག

༄༅། །ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ།

ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ་ནི། ན་མོ་མ་ཧཱ་གུ་རུ་བུདྡྷ་ཡ། ཕྱི་ནང་གསང་གསུམ་ཐེག་པའི་གྲུབ་མཐའི་ཁྱད། །རྣམ་མང་ལེགས་བཤད་ཆུ་གཏེར་བརྒལ་བའི་གནད། །སངས་རྒྱས་ཀུན་གྱི་དགོངས་དོན་གཅིག་ཆོག་དེ། །རང་རིག་བླ་མ་ཤེས་པར་བྱིན་གྱིས་རློབས། །ལྟ་བ་མ་བཅོས་རྩ་བྲལ་གཉུག་མའི་གཤིས། །རྟོག་མེད་ཡེ་ཤེས་ལྟ་བ་མངོན་དུ་གྱུར། །སྒོམ་པ་ཤེས་རིག་དམིགས་མེད་འཛིན་བྲལ་ངང་། །བསྒོམས་མེད་འོད་གསལ་དགོངས་པ་ཀློང་དུ་གྱུར། །སྤྱོད་པ་གང་ཤར་བརྟུལ་ཞུགས་ལམ་དུ་ཁྱེར། །སྣང་སེམས་རོ་གཅིག་རྟོགས་པའི་སྤྱོད་པར་ཤར། །འཁོར་འདས་གཉིས་མེད་རེ་དོགས་བྲལ་བའི་ངང་། །ཆོས་ཉིད་དོན་གྱི་འབྲས་བུ་མནོང་དུ་གྱུར། །ཅེས་སོ། །མ་བཅོས་རང་བྱུང་ལྟ་བའི་གདམས་པ་ནི། །ཡང་ཅིག་གསོན་དང་དད་ལྡན་སློབ་མའི་ཚོགས། །མ་བཅོས་གནས་ལུགས་བརྟན་པ་ཐོབ་པའི་དུས། །ལྟ་ཡང་མི་དགོས་འོད་གསལ་རང་བཞིན་འཆར། །བསྒོམ་ཡང་མི་དགོས་སེམས་ཉིད་རང་སར་ཟིན། །ཡེངས་ཀྱང་མི་སྲིད་རིག་པ་རང་ངོར་གནས། །འགྱུ་བ་རང་སངས་དྲན་རིག་མཁའ་ལྟར་དག །བཅའ་བཅོས་མི་དགོས་སྟོང་གསལ་ངང་ལ་གནས། །རེ་དོགས་མི་དགོས་འཁོར་འདས་མཉམ་གྲོལ་ཡིན། །ཡང་ཅིག་གསོན་དང་སློབ་མའི་ཚོགས། །ཡེ་གྲོལ་སེམས་ལ་མཚན་དཔེ་མེད། །བལྟས་ཀྱང་མཐོང་མེད་སྟོང་པ་ཉིད། །སྟོང་པ་མ་ཡིན་རིག་ཅིང་གསལ། །རིག་སྟོང་དབྱེར་མེད་མཁའ་ལྟར་ཁྱབ། །གཏད་མེད་ཟང་ཐལ་འགྲོ་འོང་མེད། །མེད་ཀྱང་དྲན་རིག་སྣ་ཚོགས་འཆར། །ཡོད་པ་མ་ཡིན་སྟོང་པ་སོང་། །མེད་པ་མ་ཡིན་རང་རིག་སྣང་། །སྣང་སྟོང་ཟུང་འཇུག་རྟོགས་པའི་རྩལ། །རང་སེམས་ཡེངས་མེད་ཆོས་སྐུ་དང་། །སངས་རྒྱས་དགོངས་པ་ཆོས་སྐུ་གཉིས། །དབྱེར་མེད་འོད་གསལ་ངང་དུ་འདྲེས། །སྟོང་ཉིད་ཆོས་སྐུའི་གཞི་རྩལ་ནས། །ལྷུན་གྲུབ་འོད་གསལ་ཤར་བའི་དུས། །མཁྱེན་བརྩེ་ཕྲིན་ལས་ནུས་མཐུ་འབར། །ཡེ་ཤེས་རྩོལ་བྲལ་ཕྱོགས་མེད་རྒྱས། །སྐུ་དང་ཞིང་ཁམས་དཔག་མེད་འཆར། །ཡང་ཅིག་གསོན་དང་སློབ་མའི་ཚོགས། །སྤྲང་པོ་བདག་གི་ཉམས་ལེན་ནི། །ལྟ་བ་རྫོགས་པ་ཆེན་པོ་ཡིན། །སྒོམ་པ་ཕྱག་རྒྱ་ཆེན་པོ་ཡིན། །སྤྱོད་པ་འདུལ་བ་ཁོ་ན་ཡིན། །

ཉག་བླ་པདྨ་བདུད་འདུལ།

ཉག་བླ་པདྨ་བདུད་འདུལ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept