བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀུན་མཁྱེན་ང་འདྲ་མ་ཞེས་པའི་ལོ་རྒྱུས་རིན་ཆེན་སྒྲོན་མེ།

English | བོད་ཡིག

༄༅། །ཀུན་མཁྱེན་ང་འདྲ་མ་ཞེས་པའི་ལོ་རྒྱུས་རིན་ཆེན་སྒྲོན་མེ།

བཅོམ་ལྡན་འདས་བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་ལ་ཕྱག་འཚལ་ལོ །འདིར་ཀུན་མཁྱེན་ང་འདྲ་མ་ཞེས་པའི་སྐུའི་བྱུང་ཚུལ་ལོ་རྒྱུས་ནི། ཐོག་མར་ཀློང་ཆེན་པ་དངོས་བཞུགས་སྐབས་འབྲི་གུང་དགོན་པ་ཀུན་དགའ་རིན་ཆེན་གྱིས་ཛྷཻཀྵིམ་ལས་སྒྲུབ་པའི་ལི་སྐུ་བཅུ་གསུམ་བཞེངས་པ་ལ། ཀུན་མཁྱེན་རང་གིས་རབ་གནས་མཛད་ནས་ང་འདྲ་མ་ཡིན་ཞེས་གསུངས། ཡང་ཀུན་མཁྱེན་རང་གི་བཞུགས་ཕུག་གངས་རི་ཐོད་དཀར་ཟླ་བ་ཆུ་ཤེལ་གྱི་འཚེར་བའི་ཁང་བཟང་ནང་ང་འདྲ་མ་ཡོངས་གྲགས་གཅིག་དེར་བཞུགས་པ་དང་། སྔ་མའི་གྲལ་ནས་སྐུ་འདྲ་གཅིག་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་དམ་གྱི་རྟེན་དེ་ལས་ཀུན་མཁྱེན་ཆེན་པོ་ཞལ་གཟིགས་ལན་གསུམ་ཐོབ་པའི་ཤིན་བྱིན་ཅན་དེ་དང་ཡོན་མཛོད་བརྩམ་གཞིའི་མ་དཔེ། དབུ་ཞྭ་ནབ་གཟན། རྡོར་དྲིལ་སོགས་རྟེན་དུ་མ་བཅས་ཉིད་ཀྱི་དངོས་སློབ་འཇིགས་མེད་ངོ་མཚར་ལ་གནང་ནས། ཁྱེད་རང་ཡུལ་དུ་སོང་ལ་དཔལ་ཀི་ལ་ཡའི་རང་སྒྲ་གྲགས་པའི་གནས་ལུང་པ་ངོ་མཚར་ཅན་ཡོད། དེར་དགོན་པ་བཞེངས་ན་བསྟན་འགྲོར་སྨན་པ་འོང་ཞེས་པའི་ལུང་བསྟན་གནང་དོན་བཞིན་ཁོང་ཁམས་སུ་ཕེབས་ནས་གདན་ས་བཞེངས་པ། རྫ་ཀི་ལུང་དགོན་དུ་གྲགས་པའི་བྱང་རྫ་ཆུ་ཁའི་ཀི་ལུང་དགོན་པའི་ནང་རྟེན་དུ་བཞུགས་པ་གཉིས་ལ་མ་ཕྱི་བྱས་ཏེ། རྫོགས་ཆེན་མཁན་གཞན་དགའི་ཞལ་སློབ་བོད་ཀྱི་དམག་སྤྱི་ཆེན་མོ་ཁྱུང་རམ་པས་སྦྱིན་བདག་ཞུས། ཆབ་མདོའི་ལྷ་མགར་གྱི་ལག་བཟོ་ལས་ཟངས་གསེར་གྱི་འདྲ་ཞལ་མང་དུ་བཞེངས་པ་དང་། ཡང་ཨ་འཛོམས་འབྲུག་པ་རིན་པོ་ཆེས་རང་གི་ཞལ་སློབ་རྣམས་ལ་ཐུགས་དམ་གྱི་རྟེན་འབྲལ་མེད་འཆང་རྒྱུར་གངས་རི་ཐོད་དཀར་གྱི་ང་འདྲ་མ་ལས་དཔེ་ཞུས་ཏེ། སྐུ་དཔར་བླུག་སྐོང་ལ་སྐུ་ཚད་སོར་བཞི་མ་འདི་བཞིན་བསྐྲུན་པ་གཉིས་བཟོ་དབྱིབས་གཅིག་པར་བཞུགས་པ་འདིའི་གྲལ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་དངོས་སློབ་བླ་མ་མཆོག་ལྡན་གྱིས་རྒྱ་གར་དུ་སྐུ་གཅིག་གདན་ཞུས་བྱས་པ། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་ཕྱག་ཏུ་བཞུགས་ལས་གུས་པས་ཞུས་ཏེ། རང་གཞན་ཀུན་གྱི་དད་རྟེན་ཚོགས་གསོག་པའི་རྟེན་དུ་དམིགས་ཏེ་སྐུ་འདྲ་ངསྟོང་གཅིག་དང་ཉེར་ལྔ་གསར་དུ་བཞེངས། འདིའི་ནང་དུ་ཡེ་ཤེས་སེམས་དཔའི་རྟེན་དུ་ཀུན་མཁྱེན་གྱི་དབུ་ཀླད་ལས་འཁྲུངས་པའི་གདུང་ཤ་རི་རམ་དཀར་སེར་གྱི་རྣམ་པ་ཅན་བྱིན་རླབས་ངོ་མཚར་མཆོག་ཏུ་འབར་བའི་གཏའ་ཕབ་ཅན་གྱི་རིལ་བུ་རེ་ཕུལ་ཡོད། དེས་ན་རྫོགས་ཆེན་གྱི་ཆོས་ལ་ཉམས་ལེན་རེ་བ་རྣམས་ཀྱིས་གསོལ་བ་བཏབ་ན། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ། རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ། རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་སོགས་ལ་ཡེ་ཤེས་ཀྱི་སྐུས་ཞལ་དངོས་སུ་བསྟན་ཏེ་རྗེས་སུ་བཟུང་བས་རྟོགས་པ་དོན་གྱི་དགོངས་བརྒྱུད་འཕོས་པ་དང་། ཕྱིས་དུས་འདིར་བཱི་མའི་རྣམ་འཕྲུལ་མཁན་ཆེན་ངག་དབང་དཔལ་བཟང་། ཉག་སྟོད་མཁན་ཆེན་དགེ་འདུན་རྒྱ་མཚོ། ཁོ་བོ་ཅག་གི་རིགས་ཀྱི་བདག་པོ་ལུང་སྤྲུལ་བློ་གྲོས་བཤད་སྒྲུབ་བསྟན་པའི་ཉི་མ་སོགས་བསྟན་པ་འདི་ལ་ཚད་མར་གྱུར་པའི་བསྟན་འཛིན་ཕལ་མོ་ཆེ་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པ་མངོན་སུམ་དུ་གྱུར་པ་འདི་བཞིན་ལགས་སོ། །དེ་ལྟར་བདག་ཉིད་ཆེན་པོ་འདི་མི་ལོ་དྲུག་རྒྱ་གྱ་ལྔའི་གོང་དཔལ་བསམ་ཡས་འདབས་སུ་རབ་བྱུང་ལྔ་པའི་ས་སྤྲེལ་ལོར་འཁྲུངས་ནས། དགུང་ལོ་ང་བདུན་བར་ཛམ་གླིང་དུ་སྐུ་དངོས་ཀྱིས་གདུལ་བྱའི་ངོ་སྐལ་དུ་བཞུགས་ནས། གདུལ་བྱ་དཔག་ཏུ་མེད་པ་རྗེས་སུ་བཟུང་སྟེ། ཀུན་ཏུ་བཟང་པོ་གཉིས་པ་བྱོན་པ་ལྟ་བུའི་རབ་འབྱམས་རྒྱ་མཚོའི་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་ཏེ་རྒྱལ་བསྟན་ཉི་མ་གསལ་བར་མཛད་པའི་འཆད་བརྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་སོགས་མཐར་ཕྱིན་པར་མཛད། མཐར་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་དགོངས་ཏེ། སྐུའི་རྟེན་དུ་ཀུན་མཁྱེན་ང་འདྲ་མ་དང་། གདུང་ཆེན་ལྔ། རིང་བསྲེལ་གྲངས་མེད་པ་དང་། གསུང་གི་རྟེན་རྟོགས་པའི་འདྲ་འབག་ཆེན་མོ་མཛོད་ཆེན་བདུན། ངལ་བསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ། ཡང་ཏིག་སྐོར་གསུམ་སོགས་རྒྱལ་བསྟན་སྤྱི་དང་། ལྷག་པར་རང་བཞིན་རྫོགས་པ་ཆེན་པོའི་གནས་གསལ་བྱེད་རྒྱུད་ཀྱི་རྡོ་རྗེའི་གནས་དང་རྣམ་དབྱེར་མེད་པའི་བསྟན་བཅོས་དཔག་ཏུ་མེད་པ་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ལྟར་སྐྲུན་པ་ནི། ཇི་སྐད་དུ་། དྲི་མེད་འོད་ཟེར་ཐར་པའི་གླིང་འགྲོ་ཡང་། །སྙིང་གི་སྙིང་པོ་མ་སྦས་འདི་ན་བཀོད །སྐལ་ལྡན་རྣམས་ལ་སྙིང་ཕྱུང་དངོས་སུ་གཏད། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །ཅེས་དང་། ཕྱི་རབས་བདག་གི་རྗེས་འཇུག་སྐལ་ལྡན་རྣམས། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །དེས་ནི་རང་གཞན་སྲིད་མཚོ་ལས་བརྒལ་ནས། །འགྲོ་བའི་དོན་གཉིས་ལྷུན་གྱིས་འགྲུབ་པར་ངེས། །སོགས་གསུངས་པ་དང་། ཐུགས་ཀྱི་རྟེན་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྐུའི་མཆོད་སྡོང་རྟོགས་པ་དོན་བརྒྱུད་ཀྱི་དགོངས་པ་སྟེ། གུ་རུའི་ཞལ་ནས། ཐུགས་དམ་དགོངས་པ་དད་ལྡན་བུ་ལ་གཏད། །ཅེས་གསུངས་པ་ལྟར་ལས་ལྡན་གྱི་སློབ་མ། གྲོག་མཁན་ཆེན་ཁྱབ་གདལ་ལྷུན་གྲུབ། རྣལ་འབྱོར་པ་འོད་ཟེར་གོ་ཆ། མདོ་ཁམས་ཆོས་གྲགས་བཟང་པོ་སོགས་དག་པའི་སློབ་ཚོགས་དཔག་ཏུ་མེད་པའི་ཐུགས་དགོངས་ཀློང་ཡེ་ཤེས་ཀྱི་འཁོར་ལོར་མི་ཟད་པའི་ཆོས་གཏེར་ཆེན་པོར་བྱིན་གྱིས་བརླབས་ཕྱི་རབས་ཀྱི་དོན་དུ་བཞག་པ་ལ་བརྟེན། དུས་ད་ལྟའི་བར་རྫོགས་པ་ཆེན་པོའི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད། བརྒྱུད་པའི་མན་ངག་སོགས། ལ་ཟླ་བ་རྒྱལ་པོའི་སྐོར་དང་། ཤན་འབྱེད་པ་བྲམ་ཟེ་ལྟ་བུའི་སྐོར། རང་གྲོལ་མངོན་སུམ་དུ་སྟོན་པ་སངས་རྒྱས་ལག་བཅང་སྙན་བརྒྱུད་དམར་ཁྲིད་དུ་འདེབས་པའི་མན་ངག་གི་སྐོར་ལག་ལེན་དང་བཅས། ཕྱི་བཤད་པའི་སྒྲོམ་མ་ཞིག །ནང་ཉམས་ལེན་གྱི་བཅུད་མ་སྟོར། གསང་བ་གདམས་ངག་གི་གནད་མ་འཆུག །ལུས་རྡུལ་ཕྲན་དང་། སེམས་ཆོས་ཉིད་དུ་དེངས། འཇའ་ལུས་རྡོ་རྗེའི་འཕོ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དངོས་སུ་འགྲུབ་པར་བྱེད་པའི་མྱུར་ལམ་ཟབ་ཆོས་ངོ་མཚར་ཅན་ཡིད་བཞིན་གྱི་ནོར་བུའི་བང་མཛོད་ཆེན་མོ་དངོས་སུ་བཞུགས་བཞིན་པ་འདི་ལྟར་ལགས་ན། གང་ཞིག་བློ་གྲོས་དང་ལྡན་པ་རྣམས་ཀྱིས་བདག་ཉིད་ཆེན་པོ་འདིའི་གསུང་གི་གསང་བ་རྣམས་ལ་འཆད་ཉན་དང་། གདམས་པའི་གནད་ལ་ཉམས་ལེན་མཛད་ནས་ཕ་རྗེས་བུས་ཟིན་དང་ཕ་ནོར་བུས་བདག་གིས་འབད་པར་འཚལ་ལོ་ཞེས་བསྟན་འཛིན་གྱི་སྐྱེས་ཆེན་གང་ན་སུ་བཞུགས་པ་རྣམས་ལ་གཞེན་བསྐུལ་གསལ་འདེབས་བཅས་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོར་རང་གཞན་གྱི་བསོད་ནམས་གསོག་པའི་ཞིང་དུ་དམིགས་ཏེ། རྒྱལ་བསྟན་རིན་པོ་ཆེར་སྨན་པའི་མཛད་བཟང་སྐྱོང་བ་མཁན་རིན་པོ་ཆེ་ཡེ་ཤེས་བཟང་པོ་དང་། མཁན་རིན་པོ་ཆེ་ཐུབ་བསྟན་ནོར་བུ་སྐུ་མཆེད། དད་མོས་ཀྱི་སྙིང་སྟོབས་མཐོ་བ་རྒྱ་རུ་ཉི་མ་རྒྱལ་མཚན་སོགས་ཀྱིས་རོགས་མགོན་སྣ་ཚོགས་ལ་བརྟེན་ཀུན་མཁྱེན་ང་འདྲ་མ་གསར་བཞེངས་བསྒྲུབས་པ་འདིའི་དགེ་བས་རང་གཞན་སེམས་ཅན་སྤྱི་དང་བྱེ་བྲག་དམིགས་ཡུལ་འབྲེལ་ཐོག་གང་མཆིས་ཚེ་རབས་ཐམས་ཅད་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་རྗེས་སུ་བཟུང་ནས་དགོངས་ཀློང་ཡེ་ཤེས་ཀྱི་འཁོར་ལོ་ཆེན་པོར་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །དགོངས་བརྒྱུད་ཡེ་ཤེས་དག་པའི་བདུད་རྩིའི་དྲོད། །དད་བརྒྱའི་པདྨོའི་བསུང་ལ་མི་ངོམས་པས། །རྟོགས་པ་དོན་བརྒྱུད་འདབ་སྟོང་མཚར་སྡུག་གི །འཛུམ་སྒེག་སྐལ་བཟང་དོ་རར་ཁེངས་གྱུར་ཅིག །ཅེས་པའང་མཁན་མིང་འཇམ་དབྱངས་རྡོ་རྗེས་ཛམ་གླིང་ཤར་ཕྱོགས་རྒྱལ་ཁབ་ཧོང་ཀོང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ༎

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ།

Looks Like Me Statue of Longchen Rabjam

གནས་ཚུལ་འཕར་མ།

BDRC Author Profiles: P5636 P1583

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept