Luminous Clouds of Spontaneous Song—Tibetan

Practices › Calling the Guru from Afar | བོད་ཀྱི་བླ་མ།སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། | བོད་ཀྱི་བླ་མ།སྤྲུལ་སྐུ་ཨོ་རྒྱན་རིན་པོཆེ།

English | བོད་ཡིག

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ།

སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ།

Further information:
Download this text:

༄༅། །རྒྱང་འབོད་གསོལ་འདེབས་འོད་གསལ་སྤྲིན་གྱི་ཐོལ་གླུ་བཞུགས་སོ། །

 

གདོད་ནས་སྤྲོས་བྲལ་རང་བྱུང་འདུས་མ་བྱས། །

གཏིང་གསལ་ཞི་བ་གཞོན་ནུ་བུམ་སྐུའི་ཀློང་། །

ནང་གསལ་མི་གཡོ་ཆོས་སྐུའི་བླ་མ་མཁྱེན། །

ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །

 

རང་གསལ་མ་འགགས་ལྷུན་གྲུབ་རོལ་པའི་རྩལ། །

སྐུ་དང་ཡེ་ཤེས་ཞིང་ཁམས་རྒྱ་མཚོ་ལ། །

རྣམ་པར་ལོངས་སྤྱོད་རྫོགས་སྐུའི་བླ་མ་མཁྱེན། །

དབྱིངས་རིག་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །

 

ཀུན་ཁྱབ་ཐུགས་རྗེའི་རྩལ་སྣང་སྒྱུ་དྲྭའི་གར། །

མ་ངེས་གདུལ་བྱའི་ཁམས་ལ་རྟག་རྩེན་པ། །

སྤྲུལ་པའི་སྐུ་མཆོག་ཨོ་ཌཱྀ་ཡ་ན་མཁྱེན། །

འོད་གསལ་ཉམས་སྣང་འཕེལ་བར་བྱིན་གྱིས་རློབས། །

 

རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མ་ལ། །

སངས་རྒྱས་ཆོས་སྐུར་བལྟ་བའི་མོས་གུས་ཀྱིས། །

དགོངས་བརྒྱུད་བྱིན་རླབས་སྙིང་གི་ཐིག་ལེར་འཁྱིལ། །

རིག་གདངས་ཆོས་ཉིད་མངོན་སུམ་མཐོང་བར་ཤོག །

 

དྲི་མེད་རང་བྱུང་རིག་པའི་ལྟ་བ་རྟོགས། །

བསལ་བཞག་ལས་འདས་སྒོམ་པ་ཚད་ལ་འཁྱོལ། །

སྤང་བླང་བྱ་རྩོལ་བྲལ་བའི་སྤྱོད་མཆོག་གིས། །

འཁོར་འདས་མཉམ་གདལ་གཏན་སྲིད་ཟིན་པར་ཤོག །

 

ཁྱད་པར་འོད་གསལ་ཐོད་རྒལ་གསེང་ལམ་ནས། །

སྐུ་གསུམ་ལམ་གྱི་སྣང་བ་གཅིག་ཆར་རྫོགས། །

འཕོ་ཆེན་འཇའ་ལུས་ཡེ་ཤེས་རྡོ་རྗེ་ཡིས། །

གཞན་སྣང་འཁོར་བ་དོང་ནས་སྤྲུགས་པར་ཤོག །

 

མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་བར། །

མཚུངས་བྲལ་རིགས་བདག་དཔལ་མགོན་བླ་མ་ཡིས། །

སྐད་ཅིག་འབྲལ་པ་མེད་པར་རྗེས་བཟུང་སྟེ། །

དོན་གཉིས་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །

 

ཞེས་པ་འདིའང་རྗེ་བླ་མའི་སྤྲོས་མེད་དོན་གྱི་བླ་སྒྲུབ་ཀྱི་ཆ་ལག་ཏུ་དོན་གཉེར་དད་དམ་ནོར་གྱིས་ཕྱུག་པ་འགས་ལྷ་རྫས་ཀྱི་སྐྱེས་བྱ་ནོམ་པ་དང་བཅས་བསྐུལ་བ་དོན་ཡོད་པའི་ཕྱིར་མཁན་མིང་འཇམ་དབྱངས་རྡོ་རྗེས་དྭངས་བའི་ཡིད་ཀྱིས་སྨོན་པ་སྟེ་དོན་བརྒྱུད་དགོངས་པའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །

གོང་གསལ་སྤྲུལ་པའི་སྐུ་མཆོག་ཨོ་ཌཱྀ་ཡ་ན་མཁྱེན། ཞེས་པའི་ཚབ་ཏུ་སྤྲུལ་པའི་སྐུ་མཆོག་བཱི་མ་མི་ཏྲ་མཁྱེན། སོགས་བླ་མ་གང་ལའང་ཞལ་བསྒྱུར་ཆོག་པ་ནི་རྒྱལ་བ་ཀློང་ཆེན་པའི་མན་ངག་བླ་ན་མེད་པའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept