The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Explanation of the White Feast—Tibetan

English | བོད་ཡིག

༄༅། །དཀར་འགྱེད་ཀྱི་འགྲེལ་པ་ལེགས་བཤད་ལྟ་བའི་གདེང་གླུ་བཞུགས། །

ན་མོ་གུ་རུ་ཀྲོ་ཏི་ཀ་ལི་ཡེ། ཨཱཿ སྣང་བ་ཐམས་ཅད་ཡུམ་གྱི་མཁའ། །སྲིད་པ་ཇི་སྙེད་ཐུགས་རྗེའི་འཕྲུལ། །འཁོར་འདས་གསང་ཆེན་གཅིག་ཏུ་རོལ། །རྣམ་ཀུན་མཆོག་སྟེར་ཁྲོས་མར་འདུད། །ད་ལམ་འདིར་ལུས་ཀྱི་གཅེས་འཛིན་བཏང་ནས་ཕུང་པོ་གཟན་དུ་བསྒྱུར་ཏེ་དཀར་འགྱེད་བྱེད་པའི་དམིགས་གནད་བཀྲལ་བའི་རིམ་པ་ལ། །སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། རང་གི་མདུན་གྱི་ནམ་མཁའ་འཇའ་དང་འོད་ཕུང་ཐིག་ལེ་དང་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཁྲིགས་པའི་ཀློང་དུ། པདྨ་དང་ཉི་ཟླ་བྃ་རོའི་གདན་ལ་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་མགོན་བླ་མ་རིན་པོ་ཆེ་ཡིན་པ་ལ། རྣམ་པ་མ་ཅིག་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། ཞལ་གདེངས་ཤིང་ལྗགས་འདྲིལ་བ་མཆེ་བ་བཞི་རྣོ་ངར་དུ་གཙིགས་པ། སྨ་ར་དང་སྨིན་མ་ལས་མེ་འབར་ཞིང་སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས་པ། སྤྱི་བོ་ན་ཕག་ཞལ་ནག་པོ་གྱེན་དུ་ངུར་བའི་སྒྲས་སྟོང་གསུམ་གཡོ་བར་བྱེད་པ། རལ་པ་དམར་སེར་སྲིད་པའི་རྩེ་རུ་འཁྱིལ་ཞིང་ལྷག་མས་སྐུ་རྒྱབ་ཁེབས་པ། ཞབས་གཉིས་གར་སྟབས་བསྒྱུར་ཞིང་ཁ་ཊྭཱྃ་དཀུ་ལ་བསྟེན་པ། ནུ་མ་འབུར་ཞིང་པདྨོ་རྒྱས་པ། སྐུ་ལ་རུས་པའི་རྒྱན་དྲུག་དང་དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བསྐྱེད་དོ། །དེའི་དབུ་གཙུག་ཏུ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་དང་ཀུན་ཏུ་བཟང་མོ་མཐིང་ནག་སོགས་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་ཐམས་ཅད་གསལ་བཏབས་ཏེ། འཁོར་དུ་རིགས་བཞིའི་མཁའ་འགྲོ་དང་ལས་བྱེད་མ་བཞི་དང་ཁྲག་འཐུང་མ་བཞི་སོགས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་ཕྱི་རོལ་དུ་ཡེ་ཤེས་དང་ལས་ལ་གྲུབ་པའི་བཀའ་སྲུང་དང་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བའོ། །དེ་བཞིན་དུ་ཕྱོགས་བཅུའི་ཞིང་མུ་མཐའ་མེད་པའི་ནམ་མཁས་གར་ཁྱབ་ཏུ་སྐྱབས་ཡུལ་ཚོགས་ཞིང་གི་ལྷ་ཚོགས་ཀྱི་རྣམ་རོལ་དུ་བཞེངས་ནས་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་སམ་དཀྱིལ་འཁོར་སྤྲུལ་པའི་ལྷ་ཚོགས་ཀྱི་ཚོམ་བུ་བརྗོད་ལས་འདས་པ་བཞུགས་ཡོད་པར་མོས་ལ། དེའི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཡིད་ཁྱེད་ཤེས་ཀྱི་དད་པ་དང་མོས་གུས་ཀྱིས་བསླུ་མེད་མཆོག་གསུམ་རིན་པོ་ཆེ་ལ་བློ་ལིང་གིས་བཀལ་ནས་ཐུགས་རྒྱུད་བསྐུལ་ཞིང་སྐྱབས་སུ་འགྲོ་བ་ལ། ཕཊཿ ཡེ་གཞི་ཀ་དག་སོགས་བརྗོད་ཅིང་། ལྷ་འདྲེའི་གཙོར་བཅས་མ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཚད་མེད་པ་རྣམས་ལ། འཁོར་བའི་སྡུག་བསྔལ་ཚད་མེད་པ་ལ་ཐར་དུས་མེད་པར་མཐའ་མེད་ད་འཁྱམས་དགོས་པ་ལ་བསམས་ནས། སྙིང་རྗེ་བྱང་སེམས་ཚད་མེད་པ་བསྒོམས་ཏེ། ཚོགས་ཀྱི་ཞིང་སྐྱབས་ཡུལ་དཀོན་མཆོག་གི་ཐུགས་རྒྱུད་ཀྱི་ཡེ་ཤེས་དང་ཡོན་ཏན་ཚད་མེད་པ་རྣམས་ཤེས་པའི་སྒོ་ནས་སེམས་བསྐྱེད་ཅིང་རིམ་པར་འདོན་ནོ། །སླར་ཡང་གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་ཐམས་ཅད་བློ་ཡིས་བཏང་ཞིང་། རང་འདོད་ཉོན་མོངས་པའི་དྲི་མས་མ་གོས་པར། དཀའ་བ་དང་ལེན་གྱིས་དམིགས་གནད་ལ་བརྩོན་ཅིང་གཡེངས་པ་མེད་པར་སྒྱུ་མའི་ལམ་དུ་འཁྱེར་བར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱའོ། །དེ་ནས་ཚོགས་གསག་པའི་ཐབས་ཁྱད་པར་ཅན་མཎྜལ་འབུལ་བ་ལ་སྟོང་གསུམ་འཇིག་རྟེན་ཇི་སྙེད་དག་ཚོམ་བུར་བཀོད་པ་ནི་སྣང་སྲིད་ཕྱི་ཡི་མཎྜལ། རང་ལུས་ཕུང་ཁམས་ཀྱི་ཚོམ་བུར་བཀོད་པ་ནི་རང་བྱུང་ནང་གི་མཎྜལ། ཀུན་གཞིའི་ཁམས་ལ་རྟོག་ཚོགས་རང་སར་གྲོལ་བས་ཚོམ་བུར་བཀོད་པ་ནི་ཡེ་རྫོགས་གསང་བའི་མཎྜལ་ཡིན་ཏེ། དེ་རྣམས་ཀྱི་ཚིག་འདོན་ཅིང་ཕུལ་ལུགས་ནི་གཅེས་འཛིན་ཉེར་ལེན་གྱི་བློ་བཏང་སྟེ་ཚོགས་ཞིང་བླ་མ་སྐུ་གསུམ་གྱི་ཞིང་དུ་འབུལ་བའོ། །དེ་ནས་བྱིན་རླབས་ཀྱི་འཇུག་སྒོ་མོས་གུས་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་རུང་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་མཐར་ཕཊཿཀྱི་སྒྲ་དང་སྦྲགས་ནས་ཐུགས་ཡིད་བསྲེས་ཤིང་དབང་བཞི་ཐོབ་སྒྲིབ་བཞི་དག །སྐུ་བཞི་སྨིན་པར་བསམས་པས་གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་གོ །དེས་ནི་ནད་དང་གནད་པ་སོགས་བར་ཆད་ཀུན་ལས་རྣམ་པར་རྒྱལ་ཞིང་མྱུར་དུ་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་ཏེ་ཚེ་འདི་ཉིད་ལ་གདོད་མའི་གཞིལ་མངོན་པར་བྱང་ཆུབ་པའི་དགོས་པ་ཡོད་དོ། །སྤྱིར་སྔོན་འགྲོའི་ཚོམས་ཏེ་དང་པོའོ། །དེ་ནས་གཉིས་པ་དངོས་གཞི་ལ་རྩ་བསྐྱེད་དང་། སྦྱང་སྤེལ་དང་། འཕྲུལ་དུ་རོལ་བ་དང་། བསྡུ་རིམ་སྟེ་བཞི་ལས། དང་པོ་རྩ་བསྐྱེད་ལ་བསྡུ་བྱེད་ཐབས་ཀྱི་ཡི་གེ་ཕ་དང་གཏོར་བྱེད་ཤེས་རབ་ཀྱི་ཡི་གེ་ཊཿགཉིས་འབྲེལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཕཊཿ དང་པོས་གཉིས་སྣང་བག་ཆགས་ཀྱི་སྒྱུ་ལུས་ངོས་བཟུང་། གཉིས་པས་རྩ་བསྐྱེད། གསུམ་པས་རིག་པ་དབྱིངས་ལས་བཞེངས་པས་གནད་དོན་དང་ལྡན་པའི་ངང་དུ་ཕཊཿགསུམ་དང་། ངར་འཛིན་བག་ཆགས་སོགས་བརྗོད་པས་དམིགས་པ་ནི། གང་ཞིག་ཐོག་མ་མེད་པའི་དུས་ཉིད་ནས་གཞི་མ་རིག་བདག་ཏུ་བལྟས་པའི་ངར་འཛིན་གྱི་ཞེས་པ་འདིའི་ཁམས་ལ་གཉིས་སྣང་བག་ཆགས་ཀྱི་ཕུང་པོའི་སྒྱུ་མའི་ལུས་འདི་ཉིད་དུས་ནམ་དུའང་རྒྱུན་ཆད་མེད་པར་སྣང་བ་ཡིན་པས། འོ་ན་ད་ལྟའི་ཕུང་པོ་འདི་ལ་དེ་དག་ཐམས་ཅད་གཅིག་ཆར་དུ་རྫོགས་ཤིང་དབང་བའི་འདུ་ཤེས་ཀྱིས་ཆེ་ཞིང་བརྗིད་པ། ཚོ་ཞིང་སྣུམ་པ་སྲ་ཞིང་འཐས་པ་སྟོང་གསུམ་འཇིག་རྟེན་ནམ་མཁའི་ཁྱོན་ལ་སྙོགས་པ་ཞིག་ཏུ་བསྐྱེད་ནས། དེའི་དབུས་སུ་རྩ་ཨ་བ་དྷུ་ཏི་ཁང་སྟོང་དུ་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣ་སྤྱི་བོ་རུ་རྒྱ་མཐོངས་ཀྱི་ཁ་ཕྱེ་བ་ལྟར་ཟུག་པ། མར་སྣ་ལྟེ་འོག་གཉེར་པོ་ཆེ་རུ་སྨྱུག་ཚིགས་འགུགས་པ་ལྟར་གནས་པའི་སྙིང་གར་འོད་ཚིགས་ཀྱིས་ཆོད་པའི་སྟེང་དུ་རྣམ་ཤེས་བླ་ཚེ་བསོད་ནམས་ཀྱི་དྭངས་མའི་ཡེ་ཤེས་ཀྱི་རིག་པའི་ངོ་བོ་བྱ་མ་སར་གྱི་སྒོ་ང་ལྟ་བུར་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་ཞིག་ཏུ་གསལ་ཏེ། སྐད་ཅིག་གིས་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་སྟེང་གི་ནམ་མཁར་ཐོན་ཏེ་ཆོས་ཉིད་གདོད་མའི་དབྱིངས་ཀ་དག་སྤྲོས་པ་དང་བྲལ་བའི་གཞི་རུ་འཕོས་ཤིང་གཉིས་མེད་དུ་བསྲེས་པའི་ཆོས་ཉིད་གཉུག་མའི་གཤིས་ལ་འབྱམས་ཀླས་པར་འཇོག་གོ །གཉིས་པ། སྦྱངས་ཤིང་སྤེལ་བ་ལ། སྐད་ཅིག་གིས་རིག་པའི་ངོ་བོ་མཁའ་ལས་གློག་འཁྱུག་པའམ་ཆུ་ལས་ཆུ་བུར་རྡོལ་བ་ལྟར། ཆོས་ཉིད་མཚན་མ་ཚིག་བྲལ་གྱི་དབྱིངས་ལས་ཡེ་ཤེས་སྒྱུ་འཕྲུལ་གྱི་རྣམ་པར་གཟུགས་སྐུར་ལྡང་ཞིང་ལངས་ཏེ། བདག་བསྐྱེད་རང་ཉིད་ཡེ་ཤེས་དབྱིངས་ཀྱི་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་གངས་རི་ལ་ཉི་འོད་ཕོག་པ་ལྟ་བུ་སྤྱན་གསུམ་དབྱིངས་སུ་གཟིགས་པ། ཞི་འཛུམ་གྱི་ཉམས་དང་ལྡན་པ། རུས་པའི་རྒྱན་དྲུག་གསོལ་བ་ཞིག་བསྐྱེད་དེ། དེ་ཡིས་ཕྱག་གཡས་པའི་གནམ་ལྕགས་ལས་གྲུབ་པའི་རལ་གྲིས་གཉིས་སྣང་བག་ཆགས་འཁྲུལ་གཟུགས་སྒྱུ་ལུས་ཀྱི་ཕུང་པོ་རོ་ལྟར་འགྱེལ་ཡོད་པ་དེ་ལ་ཚད་པ་ཙམ་གྱིས་སིལ་བུར་གཏབས་ཤིང་འཐོར་བ་ལས། དེ་ཡང་རྡུལ་དང་རྡུལ་ཕྲན་དུ་ཕབ་པའི་ཕྱག་གཡོན་པས་ཡེ་ཤེས་ཀྱི་རླུང་གི་བ་དན་དཀར་པོ་གཡོ་ཞིང་གཡབ་པས། ལུས་དང་ཕུང་པོའི་རང་བཞིན་ལས་གྲུབ་པའི་ཤ་ཁྲག་རྐང་ཚིལ་རུས་པ་ཆུ་རྒྱུས་ནང་རོལ་དང་བཅས་པ་ཐམས་ཅད་འཇིག་རྟེན་ནམ་མཁས་གར་ཁྱབ་ཀྱི་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་གཏོར་བས། ཕྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་རང་བཞིན་ནི་སྲིད་པ་དངོས་སྣང་གི་སྒྱུ་ལུས་དང་། བར་འདོད་ཡོན་ལྔ་ཡི་སྣང་བའི་ཡུལ་ནི་སྣ་ཚོགས་འཕྲུལ་སྣང་གི་སྒྱུ་ལུས་དང་། ནང་གོང་དུ་བཤད་པའི་ཤ་ཁྲག་རུས་པའི་ཕུང་པོ་ནི་ཟག་བཅས་ཉེར་ལེན་གྱི་སྒྱུ་ལུས་ཡིན་པས་དེ་གསུམ་དབྱེར་མེད་གཅིག་ཏུ་མཉམ་པར་བརྡལ་བ་ལས། སླར་ཡང་རང་བཞིན་སྒྱུ་འཕྲུལ་རྣམ་པར་དག་པའི་ཆོས་ཉིད་ཀྱི་དབྱིངས་ནས། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ས་བོན་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཆར་བབས་པ་ལས་ཟག་མེད་ཡེ་ཤེས་ཀྱི་ནུས་བཅུད་ཀྱིས་དེ་ལ་སྤག་པས། མ་དག་གཉིས་སྣང་གི་དྲི་མ་ཐམས་ཅད་སྟོང་པར་སྦྱངས་ཏེ། ཆོས་ཉིད་མི་ཟད་པའི་གཏེར་ཆེན་པོ་ནམ་མཁའ་མཛོད་དུ་སྤེལ་ནས། ཁ་དོག་དང་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་དུ་བསྒྱུར་རོ། །དེ་ཡང་རྒྱ་ཁྱོན་ནི་མངོན་མཐོ་གཞན་འཕྲུལ་དབང་བྱེད་དམ་ལྷ་ཡི་འདོད་རྒུའི་དཔལ་ཡོན་གྱི་བཀོད་པ་ཐམས་ཅད་མ་འདྲེས་སོ་སོ་རུ་འཕྲུལ་བ་བཞིན་དུ་གསལ་ཏེ། ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དག་པ་ལྷ་ཡི་ཞིང་དབྱིངས་དང་། ནང་སྲིད་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་དགའ་བདེའི་རོ་འཕྲུལ་པས་ལྷན་སྐྱེས་ཉམས་ཀྱི་རང་བཞིན་དང་། བར་འདོད་ཡོན་ལྔ་ཡི་ཡུལ་སྣང་ལས་གྲུབ་པའི་ཆོས་ཐམས་ཅད་དབྱིངས་ལས་ཆུ་འཛིན་དཀར་པོ་འཁྲིགས་པའི་ཟེགས་མས་ཁྱོན་ཀུན་ཁེངས་ཞིང་ཁེབས་པ་ལྟར་དཀར་འགྱེད་ཀྱི་རང་བཞིན་མཆོད་པའི་སྤྲིན་ཚོགས་རྒྱ་མཚོ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་པ། རི་རྒྱལ་ལས་དཔངས་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། ཞིང་རྡུལ་ལས་གྲངས་མང་བ། ལྷོ་སྤྲིན་ལས་ལྷུན་སྟུག་པ། ཉི་ཟླ་བས་འོད་གསལ་བ། ནམ་མཁའ་བས་ཁྱོན་ཡངས་པ། འཁོར་ཡུག་པས་རྒྱ་ཆེ་བའི་བདག་ཉིད་དུ་འཕྲུལ་ཞིང་བསྒྱུར་ལ། ངོ་བོ་ནི་བདེ་སྟོང་ཟག་པ་མེད་པའི་རང་བཞིན་གང་གིས་མཐོང་བ་ཙམ་གྱིས་ངོམས་པ་དང་། རེག་པ་ཙམ་གྱིས་ཚིམ་པ་དང་། མྱོང་བ་ཙམ་གྱིས་གྲོལ་བར་བྱེད་པའི་བདུད་རྩི་ལ། རྣམ་པ་ནི་འབྲུ་དཀར་ཟས་དཀར་དང་སྙིང་ཁུ་སོགས་དཀར་གསུམ་གྱི་རིགས་ཐམས་ཅད་མ་ཚང་བ་མེད་པའི་ཆུ་མིག་དང་། མཚོ་དང་རྫིང་བུ་ལྟེང་ག་ཆུ་ངོགས་སོགས་རི་བོ་དང་ལུང་པ་དང་ཐང་ཆེན་རྣམས་དང་ནེའུ་ཐང་སོགས་བསམ་གྱིས་མི་ཁྱབ་པའི་ཡུལ་སྣང་གི་དགའ་སྟོན་འཕྲུལ་བ་དང་། གཞན་ཡང་ཀ་ར་དང་བུ་རམ་དང་སྦྲང་རྩི་སོགས་མངར་གསུམ་གྱི་རིགས་ཐམས་ཅད་ལས་གྲུབ་པའི་བྲག་རི་དང་། བ་གམ་ནང་། གཡའ་མ་དང་། གད་གཤམ་དང་། འོབས་དང་། ཞག་རྩི་སོགས་དུ་མ་བསམ་གྱིས་མི་ཁྱབ་པའི་དགོས་འདོད་ཀུན་ཏུ་འབྱུང་བའི་དགའ་ཚལ་སྤེལ་བ་དང་། དེ་བཞིན་དུ་ཨ་རུ་དང་བཱ་རུ་དང་སྐྱུ་རུ་སོགས་སྨན་རིགས་ཐམས་ཅད་ཀྱི་རང་བཞིན་ནགས་ཚལ་དང་ལྗོན་ཤིང་དང་། སྐྱེད་ཚལ་དང་། སྤང་ལྗོངས་སོགས་འདོད་རྒུའི་དཔལ་ཡོན་དཔག་ཏུ་མེད་པའི་མཆོད་སྤྲིན་གྱི་ཕུང་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཀུན་ཏུ་གཡོ་ཞིང་འགྱེད་པ་ལས། ཕྱོགས་མཚམས་ཀུན་ནས་འོད་ཟེར་གྱི་ངད་རླངས་དཔག་ཏུ་མེད་པ་མཚོ་ཆེན་པོ་ལ་སྨུག་པ་ལྡང་བའམ་རྒྱ་མཚོ་ལ་རླངས་པ་མཆེད་པའམ་ནམ་མཁའི་ཀློང་དུ་སྤྲིན་ཕུང་འཐིབས་པ་བཞིན་དུ་ཆོས་ཉིད་ནམ་མཁའ་མཛོད་ཀྱི་དཔལ་དང་ཡེ་ཤེས་ཡོན་ཏན་ཕུན་སུམ་ཚོགས་པའི་དགའ་སྟོན་བླ་ན་མེད་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དབྱིངས་རྒྱ་མཚོ་ཀུན་ཏུ་འཁྲིགས་ཤིང་འཕྲོ་བ་ལས། དེ་ལྟར་སྣོད་བཅུད་འདོད་ཡོན་ཐམས་ཅད་གདུལ་བྱའི་སེམས་ཅན་རྣམས་ཀྱི་དབང་པོ་དྲུག་གི་ཡུལ་དབྱིངས་སུ་མ་ཞིག་གི་བར་དུ་འམ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ཏིང་ངེ་འཛིན་གྱི་མཆོད་པའི་སྤྲིན་རྒྱ་མཚོ་རུ་བསྒྱུར་ཏེ། དེ་སྲིད་དུ་རྒྱུན་མི་ཆད་པའི་ཆོས་ཉིད་ཀྱི་མཆོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་སྤེལ་ཞིང་འགྱེད་པའོ། །དེ་ནས་གོང་གི་དམིགས་པའི་ཚིག་ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་མཐར་ཌཱ་དྲིལ་འུར་ཆེམ་རྐང་གླིང་བཅས་ཕཊ༔ དང་པོས་དཀོན་མཆོག་སྲི་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་བསྐུལ་ཞིང་ཐོས། གཉིས་པས་དབྱིངས་སུ་ཆས། གསུམ་པས་འུབ་དིར་གྱིས་འདུས་ཤིང་འཁོད་ནས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་སྒྱུ་མའི་འཕྲུལ་འགྱེད་པ་ལྟར་བྱིན་ཐིབས་ཀྱིས་གང་སྟེ། ཕན་ཚུན་ཕམ་རྒྱལ་དང་རྩོད་པ་མེད་པར་ཞི་བ་བྱང་ཆུབ་ཀྱི་སེམས་ཐོབ་ནས་དགའ་ཡལ་ལེ་འཛུམ་མུལ་ལེ་མགྲོན་ཐམས་ཅད་ལྷགས་པར་བསམ་མོ། །གསུམ་པ་འཕྲུལ་སྣང་འགྱེད་པ་དེ་རྣམས་ཆོས་ཉིད་དུ་རོལ་པ་ལ། གཞི་དང་། ལམ་དང་། འབྲས་བུ་གསུམ་ལས། དང་པོ་ལ། ཨེ་མ༔ སངས་རྒྱས་སོགས་བརྗོད་ཅིང་ཞེས་པའི་དོན་ནི། ཨེ་མ་ལྟ་བའི་གནས་ལུགས་ཀྱི་ཞལ་མཇལ་བས་ན་ངོ་མཚར་བའི་གཏན་ཚིགས་ཡིན་ནོ། །དེ་ལྟར་སེམས་ཉིད་བདེ་གཤེགས་སྙིང་པོ་ཀ་དག་རྫོགས་པ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་ཚེ་ཆོས་ཉིད་བྱང་ཆུབ་ཆེན་པོ་ལ་སངས་རྒྱས་དང་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ང་ཉིད་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ལྷུན་གྱིས་གྲུབ་པ་ནི་ཉི་མ་དང་ཉི་མའི་ཟེར་བཞིན་དུ་སྒྱུ་དང་འཕྲུལ་གྱི་ཚུལ་དུ་རྫོགས་པ་ཡིན་ལ། མ་དག་འཁོར་བའི་གནས་རིས་ཇི་སྙེད་དུ་སེམས་ཅན་རིགས་མི་འདྲ་བའི་རྣམ་གྲངས་དུ་མ་བསམ་གྱིས་མི་ཁྱབ་པ་མང་པོས་རྣམ་འགྱུར་དང་བྱ་སྤྱོད་མ་ངེས་པ་མཐའ་ལས་འདས་པར་ཐ་དད་དང་སོ་སོ་རང་རྒྱུད་པའི་ཚུལ་དུ་སྟོན་ཅིང་སྣང་ཡང་། སེམས་མ་རིག་བདག་ཏུ་བལྟས་པའི་འཛིན་ཤེས་གཅིག་གིས་གཅུན་པས་འཁྲུལ་ཉམས་ལས་རྨི་ལམ་ལྟ་བུར་བྱུང་བ་མ་གཏོགས་དོན་དུ་གཅིག་ཀྱང་མ་གྲུབ་པར་རང་ཉིད་རྫོགས་པ་ཆེན་པོའི་དབྱིངས་སུ་གཅིག་ཆར་དུ་འགག་པ་མེད་པར་རྫོགས་པ་དང་། དེ་བཞིན་དུ་སྣོད་བཅུད་དང་འདོད་ཡོན་ལྔ་ཡི་ཡུལ་སྣང་སོགས་ནང་བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པའི་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ང་ཉིད་རྫོགས་པ་ཆེན་པོའི་རོལ་བ་ལས་མེད་པས། འོ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཕྲུལ་གཞི་ནི་ང་ཉིད་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན་པས། ཆོས་སྐུ་ཀུན་ཏུ་བཟང་པོ་གཞི་རྒྱུད་བདེ་གཤེགས་སྙིང་པོས་འཁོར་འདས་ཀུན་ལ་བཟང་ངན་མེད་པར་ཁྱབ་ཅིང་མཉམ་པར་བརྡལ་བ་སྟེ། དེའི་རང་ཞལ་མངོན་དུ་གྱུར་པ་ན་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་གཅིག་ཏུ་མཇལ་བས་སངས་རྒྱས་གཞན་དུ་མི་ཚོལ་བར་ཆོས་སྐུའི་ཞལ་རིས་མཇལ་བ་ལ་བརྩོན་པ་དྲག་པོས་སྟོབས་བསྐྱེད་ན་རང་ཐོག་ཏུ་རང་སངས་རྒྱས་ཏེ་ཁམས་གསུམ་འཁོར་བ་ཡང་དོང་ནས་སྤྲུགས་པའོ། །དེ་ལྟར་ཆོས་ཐམས་ཅད་ང་ཡིས་བྱས་ཞིང་བསྐྱེད་པའི་ཆོ་འཕྲུལ་ལས་གཞན་འགའ་མེད་ངེས་པ་ཡིན་པས་དེས་ན་ཆོས་རྣམས་ཐམས་ཅད་རྐྱེན་གྱིས་ལྟོས་གྲུབ་ལ་རག་ལུས་པའི་ཕྱིར། རྐྱེན་དང་ཐབས་ཀྱིས་བསྐྱེད་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ང་ཡི་དབྱིངས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞི་ལ་རྒྱུ་བྱས་ཤིང་རྟེན་དེ་ལ་བརྟེན་ནས། རྐྱེན་ཡེ་ཤེས་རླུང་འགྱུས་གྲོལ་འཁྲུལ་བསྐྱེད་པ་དང་འབྲེལ་བའི་སྒྱུ་འཕྲུལ་གར་གྱི་རྣམ་རོལ་དུ་ཆོས་ཐམས་ཅད་བཏགས་པ་ཙམ་དུ་མ་འགག་ཐབས་ཀྱི་ཆ་རུ་སྣང་བ་ཡིན་ནོ། །གོང་དུ་བཤད་པའི་མགྲོན་བཞི་སོགས་མཆོད་སྦྱིན་གྱི་དགའ་སྟོན་སྤལ་འགྱེད་བྱེད་པ་དེ་དག་ཐམས་ཅད་ཀྱང་ཆོས་ཀུན་སྒྱུ་མར་རྟོགས་པའི་རྣལ་འབྱོར་པའི་ཟབ་མོ་ལྟ་བའི་ཏིང་ངེ་འཛིན་གྱིས་འདུན་མ་བསྒྱུར་བས་རྩེ་ལ་རབ་ཏུ་མི་གནས་པ་ནི་གཅིག་ཀྱང་མེད་པས། དེས་ན་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས། སྒྱུ་མའི་ཁྲོམ་ཚོགས་ལྟ་བུའི་འཁོར་འདས་ཀྱི་མགྲོན་བཞི་པོ་བཀོད་ནས། སྒྱུ་འཕྲུལ་ལྟ་བུའི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཀུན་མཆོད་སྦྱིན་གྱི་དགའ་སྟོན་དུ་འཕྲུལ་ཞིང་འགྱེད་པ་དེ་ཡང་རྒྱུ་ང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། རྐྱེན་ཏིང་ངེ་འཛིན་ལ་མངའ་དབང་འབྱོར་བའི་སྟོབས་ཀྱིས་འཕྲུལ་ཡང་མ་འགག་ཅིར་ཡང་སྣང་བ་ཙམ་དུ་དེ་ལས་འཕྲུལ་བ་དང་། ཐམས་ཅད་བསྡུ་ཡང་སྐྱེ་བ་མེད་པ་ང་ཉིད་ཀ་དག་མཚན་མ་ཚིག་བྲལ་གྱི་གཉུག་མའི་སོན་ལ་མི་འདུ་བ་དང་མཆུབ་པ་མེད་པས། འདིས་ནི་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་བསམ་གྱིས་མི་ཁྱབ་པ་རྫོགས་པ་ཡིན་ཏེ། དོན་ལ་སྤྲོ་བསྡུ་དང་བྲལ་བར་ཟབ་ཅིང་ཞི་བའི་གནས་ཆོས་ཉིད་བརྗོད་དུ་མི་ཐུབ་པ་དབྱིངས་བྱ་རྩོལ་ལས་འདས་པ་རང་བཞིན་འོད་གསལ་བའི་བདག་ཉིད་ཅི་ཡང་མ་ཡིན་པས་རང་ཁར་དུ་འདུག་པ་ནི་གཞི་བདེ་བར་གཤེགས་པའི་བདག་ཉིད་ཅན་ནོ། །གཉིས་པ་ལམ་གྱི་དུས་ན་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་གསུམ་ལས། དང་པོ་ལ་ཕཊཿཀྱིས་སྣང་བ་ཐམས་ཅད་བསྡུ་གཏོར་བྱས་ཏེ། ང་ནི་མི་གནས་པའི་སྟོང་པ་ཉིད་དོ། །ཅི་ཡི་ཕྱིར་ཞེ་ན་གཟུང་འཛིན་གཉིས་བསྡུས་ཀྱི་སྣ་ཚོགས་སྣང་བའི་ཆོས་སོ་ཅོག་ཐམས་ཅད་སྟོང་ཉིད་དབུ་མ་ཆེན་པོའི་རོལ་པར་རྟོགས་པའི་དོན་རྣལ་མ་རང་རྒྱུད་ལ་འབྱོར་པས་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་རང་བཞིན། སྟོང་ཉིད་ཆེན་པོ་གཅིག་གི་ཡོ་ལང་། སྟོང་ཉིད་ཆེན་པོ་གཅིག་གི་འཁོར་ཡུག་ཏུ་ཐག་ཆོད་པའི་རྟོགས་པ་མངོན་དུ་གྱུར་བའི་གཉིས་སྣང་སྲིད་པ་བག་ཆགས་ཀྱི་ཆ་རུ་གཏོགས་ཚད་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་སྒྱུ་མ་ལྟ་བུ། མེད་ལ་ཡོད་པར་སྣང་བ་མིག་ཡོར་ལྟ་བུ། གློ་བུར་གྱི་རྫུན་རིས་རྨི་ལམ་ལྟ་བུ། ཕྱི་ནང་གང་ནའང་མི་གནས་པར་བྲག་ཅ་ལྟ་བུ། རང་བཞིན་གྲུབ་པ་མེད་པས་སྨིག་རྒྱུ་ལྟ་བུ། གནས་ཡུལ་བདག་པོ་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་དེར་འཛིན་མེད་པས་གཟུགས་བརྙན་ལྟ་བུ། རྟེན་ཅིང་འབྲེལ་བར་འབྱུང་བས་ཆུ་ཟླ་ལྟ་བུ། སྣང་ཡང་གྲུབ་པ་མེད་པས་ཆ་བུར་ལྟ་བུ། མ་ངེས་ཅིར་ཡང་འཆར་བས་སྤྲུལ་པ་ལྟ་བུ་སྟེ། ཆོས་ཐམས་ཅད་བདེན་མེད་ཉམས་ཀྱི་རྫུན་རིས་ངེས་པ་རུ་རྟོགས་ཏེ་སྟོང་གཟུགས་སྒྱུ་མའི་དཔེ་བཅུའི་ལམ་དུ་འཁྱེར་བ་། ཡུལ་སྣང་གི་ཆོས་གང་ལའང་གཙང་དམེ་དང་བཟང་ངན་མེད་པར་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་མཆོད་པ་དང་སྦྱིན་ཚོགས་སུ་སྤེལ་ཞིང་དགའ་སྟོན་འགྱེད་པ་སྟེ། སྔོན་ཆད་མི་ཤེས་པའི་རྨོངས་པའི་དབང་གིས་གང་ཟག་ཆོས་བདག་གཉིས་པོ་ལ་བདེན་པར་ཞེན་ནས་འཁྲུལ་ཡང་། ད་ནི་ཐམས་ཅད་བདེན་མེད་དུ་རྟོགས་པའི་གནད་ཀྱིས་ཕྱི་ནང་གི་ཆོས་གང་ལའང་བདག་ཏུ་མི་འཛིན་པར་བདག་མེད་མཉམ་པ་ཉིད་ཀྱི་དབྱིངས་སུ་གཅོད་པའི་ཟབ་མོ་སྟོང་པ་ཉིད་ཀྱི་གདམས་པ་འདིས་བདག་རྟོག་གི་རཱུ་ཏྲ་བདག་མེད་དུ་བརྟུལ་ནས་ཆོས་ཉིད་ཀྱི་དབྱིངས་སུ་བཞུགས་ཤིང་ཡང་དག་པའི་ཟབ་རྒྱས་གནས་ལུགས་ཀྱི་དོན་སྐྱོང་བའོ། །དེས་ནི་གཞི་ལྟ་བའི་གནས་ལུགས་ངོ་འཕྲོད་དེ་འཁོར་འདས་འུབ་ཆུབ་ཏུ་རོལ་པའི་དགོས་པ་ཡོད་དོ། །གཉིས་པ་སྒོམ་པའི་ལམ་ལ། ང་ནི་ཐུགས་རྗེ་འགག་པ་མེད་པའི་བདག་ཉིད་དོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བའི་ཆ་ནས་སངས་རྒྱས་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་ཕྱག་མཚན་རྒྱན་ཆ་ལུགས་ཀྱི་རྣམ་པར་བཞེངས་ཤིང་སྐུར་སྟོན་པའི་ཚུལ་ངོམས་པ་ལ། དོན་དུ་དེ་དག་ཐམས་ཅད་ཤེས་རབ་སྟོང་པ་ཉིད་ཀྱི་གནས་ལུགས་གཅིག་གི་རྒྱས་མ་འདེབས་པ་མེད་པས་རིག་པ་བདེ་གཤེགས་སྙིང་པོ་ཀ་དག་མཚན་མ་ཚིག་བྲལ་བརྗོད་མེད་བློ་འདས་གཏད་མེད་རྒྱ་ཡན་ཆེན་པོའི་དོན་རྣམ་མ་རང་རྒྱུད་ལ་འབྱོར་བས་ན། ཆོས་ཐམས་ཅད་དངོས་མཚན་མ་གྲུབ་པར་སྒྱུ་མ་མཁན་གྱིས་སྒྱུ་འཕྲུལ་འགྱེད་པ་ལྟ་བུའི་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས། སྣང་སྲིད་ལྷ་ཡི་དཀྱིལ་འཁོར་གྱི་རྣམ་རོལ་དུ་ཤར་བས་མགྲོན་བཞི་བཀོད་པ་ལ། དེང་འདིར་མཆོད་པ་དང་སྦྱིན་པའི་དངོས་ཡུལ་གྱི་ཆོས་ཐམས་ཅད་འདོད་ཡོན་མི་ཟད་པའི་གཏེར་ཆེན་པོའི་དགའ་སྟོན་དུ་འཕྲུལ་ཏེ་འདོད་རྒུའི་དཔལ་གྱིས་འཇོ་བའི་རྡོ་རྗེའི་མཆོད་པ་ཆེན་པོ། ཆོས་ཅན་ཆོས་ཉིད་དུ་རོལ་པའི་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོ། མ་ངེས་གར་གྱི་རྣམ་འགྱུར་དུ་མར་བསྒྱུར་བས་རང་བྱུང་ལྷུན་གྲུབ་ཆེན་པོའི་མཆོད་པའང་ཡིན་ཏེ། ཨེ་མ། མཆོད་པ་འདི་ནི་རྡོ་རྗེ་ཆེ། །ཚོགས་གཉིས་དེ་ཡང་དེ་བཞིན་དུ། །ནམ་མཁའི་ཁྱོན་ལ་རབ་ཏུ་སྙོགས། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་ཤླཽ་ཀ་གཅིག་གིས་ཀྱང་ཐེབ་པར་གདབ་བོ། །དེ་ལྟར་གཟུང་ཡུལ་གྱི་ཆོས་ཐམས་ཅད་ལ་དངོས་པོར་བལྟས་ཞིང་མཚན་མ་འགྲུབ་པ་རུ་བདེན་པར་ཞེན་ནས་འཛིན་འཁྲིས་ཀྱི་དྲྭ་བ་ཐམས་ཅད་ཉག་གཅིག་བདེ་བ་ཆེན་པོའི་དབྱིངས་སུ་གཅོད་པའི་གདམས་པ་ཟབ་ཁྱད་ཅན་འདི་ཡིས་གཉིས་སྣང་སྲིད་པའི་རཱུ་ཏྲ་མ་རྟོགས་ལོག་རྟོག་གི་བགེགས་རིགས་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་བརྟུལ་ནས་རིག་སྟོང་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་ཞུགས་ཤིང་མཆོད་སྤྲིན་མི་ཟད་པ་རྒྱན་གྱི་འཁོར་ལོས་དགའ་སྟོན་འགྱེད་པའི་ཆོས་ཉིད་གཉུག་མའི་ཟབ་ལམ་ལ་ལོངས་སྤྱོད་པའོ། །འོ་ན་འདི་ཀ་དག་མཚན་མ་ཚིག་བྲལ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་རང་བཞིན་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཡིན་པས། སྤྱིར་ཐེག་པའི་ཆོས་སྒོ་མཐའ་དག་གི་སྒོམ་པའི་ལམ་གྱི་འཇུག་སྒོ་ནི་དམིགས་བཅས་དང་དམིགས་མེད་གཉིས་ལས་གཞན་མེད་དེ། དེ་གཉིས་ཀྱི་རྩ་བ་དམིགས་བཅས་བསྐྱེད་རིམ་ཐབས་ཀྱི་ཆ་རུ་གཏོགས་པ་དང་། དམིགས་མེད་རྫོགས་རིམ་དུ་གཏོགས་དགོས་པས་དེ་གཉིས་གང་ལ་ཡང་བསྐྱེད་རྫོགས་ཟུང་འཇུག་ཏུ་དྲང་ངེས་གང་ཡིན་ཡང་རེ་རེ་བཞིན་ལྡན་དགོས། དེ་མེད་ན་ཆོས་གང་ཡིན་ཡང་ལམ་གྱི་གནད་མ་ཤེས་པ་ཡིན་པར་རྒྱལ་བ་གོང་མའི་གསུང་གིས་གྲུབ་བོ། །དེས་ན་ཐེག་པའི་ཆོས་སྒོའི་ལམ་ཐམས་ཅད་འདི་ཡི་ཁོངས་སུ་མ་ཆུབ་ཤིང་མ་འདུས་པ་ནི་གཅིག་ཀྱང་མེད་དོ། །འདི་ལ་བསྐྱེད་རྫོགས་ཟུང་དུ་འཇུག་ལུགས་ནི་ཐབས་དང་ཤེས་རབ་གཉིས་ལས། ཐབས་དམིགས་བཅས་ཀྱི་ཆ་ལ་གཉིས་སྣང་གི་ཕུང་པོའི་ཆོས་ཐམས་ཅད་ མཆོད་སྤྲིན་གྱི་ཚོགས་སུ་སྤེལ་ཏེ་མགྲོན་བཞིའི་སྣང་བ་བཀོད་པ་ནི་བསྐྱེད་རིམ་དང་། དེ་དག་ཐམས་ཅད་ཆོས་ཉིད་གཅིག་གི་རྒྱས་ཐེབས་པ་ནི་རྫོགས་རིམ་ཡིན་པས་བསྐྱེད་རྫོགས་ཟུང་འཇུག་སྟེ། དམིགས་མེད་ཤེས་རབ་ཀྱི་དོན་ལ་གཞི་སེམས་ཉིད་མ་བཅོས་བདེ་བ་ཆེན་པོ་འོད་གསལ་བརྗོད་མེད་དག་པ་རུ་འདུག་པའི་ཀ་དག་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་གཉུག་མའི་གཤིས་ལ། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་དང་མ་བཤམས་རང་བྱུང་གི་མཆོད་པའི་སྤྲིན་རྒྱ་མཚོ་རོལ་པར་འབྱམས་ཀླས་ཤིང་ལྷུན་གྱིས་གྲུབ་པས་བསྐྱེད་རྫོགས་ཟུང་དུ་འཇུག་པའོ། །དེས་ནི་སྒོམ་པ་བསྐྱེད་རྫོགས་ཟུང་འཇུག་གི་དོན་ལ་མངའ་བརྙེས་པའི་དགོས་པ་ཡོད་དོ། །གསུམ་པ་སྤྱོད་པ་ཆོས་ཉིད་ཀྱི་ལམ་དུ་འཁྱེར་བ་ལ། ང་ཉིད་ལྷུན་གྲུབ་གཞོན་ནུ་བུམ་སྐུའི་རོལ་པ་ལས། འཁོར་འདས་ལམ་གསུམ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་ལ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་རྫོགས་པའི་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞིའི་རྒྱལ་པོ་ལྟར་གྱུར་བའི་ཆེན་པོ། དེ་ཡང་རྫོགས་ཆེན་གྱི་གདམས་པས་ཉམས་ལེན་གྱི་དོན་ཅུང་ཟད་སྤྲོ་བ་བླ་མའི་ཞལ་ནས་བྱུང་བའི་གདམས་ངག་ལྟར། དང་པོ་གང་ཟག་ཆོས་བདག་གཉིས་པོའམ་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་གོང་དུ་བཤད་པ་ལྟར་རྒྱུ་མའི་དཔེ་བཅུའི་རང་བཞིན་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་སྟེ། སྟོང་ཉིད་དེའི་གནས་ལུགས་ཀྱི་ངོ་བོ་རིག་སྟོང་ཀ་དག་ཟང་ཐལ་རྗེན་པ། སྨྲ་མི་ཤེས་པ། བརྗོད་མི་ནུས་པ། མཚན་མ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཟབ་ཅིང་ཞི་བའི་གནས་དེ་ལ་བཅས་བཅོས་དང་ཡིན་མིན་གྱི་བློས་མ་བསླད་པ། འདས་མ་འོངས་ད་ལྟའི་རྟོག་ཚོགས་ཀྱིས་འཕྲོ་མ་མཐུད་པ། ད་ལྟའི་གཤིས་སོ་མ་རང་ཀ་མའམ་ཤེས་པ་སལ་ལེ་སང་ངེ་ཧྲིག་གེ་བ་འདི་ཀ་ངོ་སྤྲོད་པ་ནི་གཞི་ཡིན་ཏེ། དེ་ལ་དངོས་མཚན་བདེན་གྲུབ་སོགས་ཆེ་ཆུང་དང་སྟེང་འོག་ཕྱོགས་མཚམས་ཏེ་ཆོས་དབྱིངས་ཀུན་ནས་ཟླུམ་པའི་ཐིག་ལེ་ཉག་གཅིག་ཏུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་རང་ཆས་སུ་རྫོགས་པར་ཤེས་ཏེ་རྟོགས་པ་མངོན་དུ་གྱུར་པ་ནི་བདག་མེད་རྟོགས་པའི་ཤེས་རབ་ཞེས་བྱའོ། །དེ་ཚེ་ཉིན་མཚན་ཁ་སྦྱོར་ཏེ་བརྩོན་འགྲུས་དྲག་པོས་རིམ་པར་གོམས་ན་ལྟ་སྒོམ་ལ་གདེང་ཐོབ་པ་ཡིན་པས། དེ་ལྟ་བུའི་གདམས་ངག་གིས་དོན་རྣལ་མ་རྒྱུད་ལ་འབྱོར་བའི་གང་ཟག་དེ་ནི་ངེས་པར་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞེས་སུ་གྲགས་ཤིང་འབོད་དུ་ཡང་རུང་བ་ཡིན་ནོ། །ཡང་ས་བཅད་ལྟར་ན་ལྟ་བའི་དུས་ན་གཟུང་འཛིན་གཏན་དབབ། སྒོམ་པའི་དུས་ན་རྟོགས་པ་མངོན་གྱུར། སྤྱོད་པའི་དུས་ན་གདེང་གིས་གྲོལ་ཚད་རྣམས་རིམ་པར་དབྱེ་ཡོད་ན་ཡང་གོ་བདེ་བའི་ཕྱིར་དུ་སོ་སོར་མ་དབྱེ་བར་རྫོགས་ཆེན་དང་བསྟུན་ནས་ངོ་སྤྲོད་ཀྱི་གདམས་པ་ཅུང་ཟད་ཙམ་བསྟན་པ་འདི་སྤྱོད་པའི་སྐབས་འདིར་བཞག་པའོ། །དེ་ལྟར་དང་ལྡན་པའི་རྣལ་འབྱོར་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བདེ་གཤེགས་སྙིང་པོ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཀྱི་རང་བཞིན་ཀ་དག་ཟང་ཐལ་རྗེན་པར་གཅིག་ཏུ་རྟོགས་པ་ཡིན་ཞེས་པས་ལྟ་བའི་གདེང་སྐད་བཤད་པ་སྟེ། ད་ནི་མཆོད་སྦྱིན་གྱི་ཡུལ་ལས་འདས་ཏེ་མཆོད་བྱ་དང་མཆོད་བྱེད་མཆོད་ཡུལ་གྱི་འཁོར་གསུམ་པོ་ཡེ་ནས་ཆོས་ཉིད་གདོད་མའི་གཞི་རུ་རྣམ་པར་དག་ཅིང་དོན་གཉིས་ཀྱི་མཛད་པ་མཐར་ཕྱིན་པས་ཕྱོགས་ལས་རྣམ་པར་རྒྱལ་བའམ་ཚད་མེད་པའི་སྤྱོད་པའི་ལམ་དུ་བརྟུལ་ཞིང་ལྷུན་གྲུབ་དང་ཡེ་ཤེས་ཀྱི་རོལ་པ་ཀ་དག་ལྷུམས་ཞུགས་ཀྱིས་གཞི་ལ་ཕྱིན་ཏེ། གདོད་མའི་གནས་ལུགས་འོད་གསལ་སྦུབས་འཇུག་གི་ནང་དབྱིངས་སུ་སྒྲིབ་གཉིས་ཀྱི་དྲི་མ་དག་ཅིང་། །སྐུ་དང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པར་བརྡལ་བའི་རྒྱལ་བའི་གསང་ལམ་ཆེན་པོའི་དགོངས་པ་མངོན་དུ་བྱའོ། །དེས་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པའི་ལམ་ཟབ་མོ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །མ་ཟད་ལམ་དུས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་དོན་ལ་རང་བཞིན་རྣམ་པར་དག་ཅིང་སྐྱོན་དང་དྲི་མས་མ་གོས་པར་ཆོས་ཉིད་ཀྱི་དབྱིངས་གཅིག་ཏུ་ཡོན་ཏན་གྱི་བཀོད་པ་ཐམས་ཅད་མ་བརྩལ་ལྷུན་གྱིས་གྲུབ་པ་རྒྱལ་བའི་ཐུགས་གསང་ཆོས་ཉིད་ཡངས་པའི་ལམ་ཆེན་མངོན་དུ་བྱེད་པའི་ལམ་བདེ་བར་གཤེགས་པའི་བདག་ཉིད་ཅན་ནོ། །གསུམ་པ་འབྲས་བུ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་འཁོར་འདས་ཀྱི་མགྲོན་བཞི་པོ་ཆོས་ཉིད་གཉུག་མའི་གཤིས་ལ་ཅིག་ཆར་དུ་རྫོགས་པར་རིགས་པས་ཕཊཿགསུམ་གྱིས་མངོན་དུ་བྱེད་པ་ལ། རང་གི་གཞི་ཀུན་ཏུ་བཟང་པོ་དུས་གསུམ་དུ་བདེ་བར་གཤེགས་པའི་སྙིང་པོ་ཅན་འདི་ཉིད་ལ་མཆོག་གསུམ་དང་རྩ་གསུམ་ཐམས་ཅད་ཀྱི་གཟུགས་སྐུའི་ལྷ་ཚོགས་ཀྱི་རྣམ་པ་མ་འདྲེས་སོ་སོ་རུ་ཉི་མ་དང་ཟེར་གྱི་ཚུལ་དུ་ཅིར་ཡང་འཆར་བ་ཡིན་པས་དེའི་དབྱིངས་ལ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་གསལ་ཏེ། ལམ་གྱི་དུས་འདིར་སྣང་བ་བཞི་པོའི་ཉམས་དང་རྟོགས་པས་བསྐྱེད་པའི་རིག་པའི་ཡེ་ཤེས་དང་ཡོན་ཏན་གྱི་ཐུགས་རྗེའི་རྩལ་ལས་སར་གནས་བྱང་སེམས་མགོན་པོ་ཆོས་སྐྱོང་གི་ཚོགས་རྣམས་ཟླ་བས་ཆུ་ཟླ་རོལ་པ་བཞིན་དུ་སྣང་བ་ཡིན་པས། གཞི་དེ་ལས་མགོན་པོ་ཡོན་ཏན་གྱི་མགྲོན་ཐམས་ཅད་བསྔོས་ཏེ། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་ཀྱི་དོན་ཆོས་ཉིད་ཟག་པ་མེད་པ་ལྷན་སྐྱེས་བདེ་བ་ཆེན་པོའི་མཆོད་པ་འབུལ་ཚུལ་ནི་ཆོས་ཉིད་བསམ་མི་ཁྱབ་པ་དགའ་བདེ་ཚད་མེད་པའི་རོས་སྣང་བ་ལྷུན་གྲུབ་ཀྱི་མགྲོན་རྣམས་གཉིས་མེད་དུ་རོལ་པས་མཉེས་ཤིང་ཆོས་ཉིད་དུ་ཞི་བས་ཚིམས་པ་སྟེ། གདོད་མའི་རང་གདངས་ཀ་དག་ཟང་ཐལ་ཆེན་པོའི་དབྱིངས་སུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ནས་སྐུ་དང་ཡེ་ཤེས་ཡོན་ཏན་ཞིང་དང་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་རང་ཆས་སུ་ལྷུན་གྱིས་གྲུབ་པར་ཆུབ་བོ། ཕཊཿ གསུམ་གྱིས་དེ་ལྟར་དུ་རྒྱས་གདབ་བོ། །ད་སྔོན་མ་རིག་པའི་དབང་གིས་སེམས་ཉོན་མོངས་པ་དུག་གསུམ་གྱི་གདངས་སུ་ཆུ་ལས་ཆུ་བུར་རྡོལ་བ་ལྟར་གྲུབ་པས་ཁམས་གསུམ་འཁོར་བའི་གནས་རིགས་དྲུག་སོ་སོའི་ཡུལ་དང་བཅས་པའི་སྣང་བ་དེ་རྣམས་རིགས་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་སེམས་ལ་རང་ཆས་སུ་རྫོགས་པར་ཤེས་པས་ངང་དུ་གསལ། སེམས་བྱུང་གི་རྩལ་རྣམ་པར་རྟོག་པ་རགས་ཕྲ་དུ་མས་བསྐྱེད་པའི་རྡ་རྡུ་རའི་བཅུད་ཟོས་པ་ལྟ་བུར་སྲིད་པའི་ལྷ་འདྲེ་ཆེ་འབྲིང་ཆུང་གསུམ་གྱི་བགེགས་རིགས་ལན་ཆགས་ཀྱི་ཚོགས་མང་པོ་རྟེན་ཅིང་འབྲེལ་འབྱུང་ཙམ་དུ་སྣང་བར་འགྱུར་ཡང་། དེ་དག་ཐམས་ཅད་དོན་ཆོས་ཉིད་གཉུག་མའི་སོན་ལ་ཡེ་ནས་མི་གནས་ཤིང་མ་གྲུབ་པར་གཉིས་སྣང་གི་ཆ་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་རོལ་པའི་གདམས་ངག་ཟབ་མོའི་ཆོས་ཀྱིས་མ་བཅོས་རང་ཆས་སུ་ཆོས་ཏེ། ཆོས་ཉིད་ཀྱི་དབྱིངས་རང་བཞིན་མི་འཛད་ཟད་མི་ཤེས་པའི་འདོད་ཡོན་རྒྱན་གྱི་འཁོར་ལོ་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོའི་དགའ་སྟོན་གྱི་དཔལ་ལ་རང་དབང་དུ་ལོངས་སྤྱོད་པའི་ཕྱིར་སྦྱིན་ཅིང་སྟེར་བའོ། །དེས་ནི་འབྲས་བུ་ལ་སྨོན་པ་མེད་པ་ཐོབ་ཤོར་དང་བྲལ་བའོ། །དེ་ལྟར་ཉམས་ལེན་གྱི་གནད་དོན་མ་རྟོགས་པ་རྣམས་ཀྱི་ཡས་མགྲོན་རྣམས་ལ་མཆོད་སྤྲིན་འོད་ཟེར་གྱི་ཚུལ་དུ་འཕྲོས་པས། དེ་ལ་རྒྱལ་བའི་ལྷ་ཚོགས་རྣམས་ཀྱི་ལྗགས་རང་རྟགས་ཀྱིས་ཕྱག་རྒྱས་མཚན་པའི་འོད་ཟེར་གྱིས་སྦུབས་སུ་རྒྱ་མཚོ་ལ་ཉི་ཟེར་ཕོག་པ་ལྟར་བདུད་རྩིའི་བཅུད་དྲངས་ཤིང་བཞེས་པས་སྐུ་གསུང་ཐུགས་ཀྱི་དགྱེས་པ་བསྐངས་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བདག་རྒྱུད་ལ་ཐོབ་པར་བསམ་པ་དང་། མས་མགྲོན་རྣམས་ལ་གང་ལ་གང་འདོད་ཅི་ལ་ཅི་དགྱེས་འདོད་རྫས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་མཁོ་རྒུ་ལེགས་པའི་དཔལ་ཡོན་ཐམས་ཅད་རཏྣའི་སྙིང་པོའི་སྤྲིན་ཆར་འབབས་པ་ལྟར་ཐམས་ཅད་ལ་ཐོབ་སྟེ་ངོམས་ཤིང་ཚིམས་པས་རྒྱུད་སྨིན་ཅིང་གྲོལ་བར་བསམས་ཏེ་ཕཊཿགསུམ་གྱིས་འགྱེད་དམིགས་བྱའོ། །གཉིས་པ་བྱེ་བྲག་པ་ལ་མགྲོན་ཐམས་ཅད་ཕྱི་ནང་བར་གསུམ་གྱིས་ཕྱེ་བས་རེ་དོགས་ཀྱི་ཡུལ་ལྷ་འདྲེ་གཉིས་གཉིས་ཀྱི་རང་བཞིན་དུ་དབྱེ་ལ་ཕྱི་ཡུལ་སྣང་གི་ཆོས་འདི་དག་ཐམས་ཅད་སེམས་ཅན་འདུལ་ངོས་ནས་བཟང་ངན་དང་ཕན་གནོད་དུ་གྱུར་བའི་རང་བཞིན་ལས་གཅིག་ཀྱང་མེད་པ་ཡིན་ན། དེ་དག་ཐམས་ཅད་གཟུང་བ་ཡུལ་གྱི་དངོས་མཚན་དང་བདེན་གྲུབ་ཏུ་ལྟ་བས་རེ་དོགས་ཀྱི་འཁྲུལ་པའི་ལམ་དུ་ཁ་དྲང་བས་ལྷ་འདྲེ་ཁོ་ན་ཡིན་ངེས་པས་དེ་དག་ཐམས་ཅད་ལ། གཉིས་སྣང་གི་ཕུང་པོའི་ཆོས་ཐམས་ཅད་གོང་གི་དུས་ནས་གཉིས་མེད་སྟོང་པའི་རང་བཞིན་མཆོད་སྦྱིན་མི་ཟད་པའི་གཏེར་ཆེན་པོའི་འཕྲུལ་དུ་འགྱེད་ཡོད་པས་སྣ་ཚོགས་སྣང་བའི་སྒྱུ་མའི་དགའ་སྟོན་གྱིས་འདོད་རྒུའི་དཔལ་ཡོན་དེ་རྣམས་འབུལ་བས་ན་ཆོས་ཉིད་དུ་བཤིག་ནས་གཉིས་མེད་མཉམ་པ་ཉིད་དུ་བཞག་པས་འབུལ་བ་བླ་ན་མེད་པའོ། །གང་ལགས་ན་ཡུལ་གྱི་འཛིན་རྟོག་དངོས་ཞེན་དུ་འཐས་པའི་འཁྲུལ་པ་བག་ཆགས་ཀྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་གཞི་ལ་རྣམ་པར་དག་ནས། ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་དོན་དམ་མི་ཤིགས་པའི་གནས་ལུགས་ཆོས་ཉིད་ཡུལ་མེད་བརྗོད་བྲལ་ཟང་ཐལ་རྒྱ་ཡན་ཆེན་པོར་འཁོར་འདས་ཐིག་ལེ་ཉག་གཅིག་ཏུ་རོལ་པའི་ཚད་མེད་པའི་མཆོད་པ་ཆེན་པོ་བཞེས་ཏེ་བདེ་གཤེགས་རྒྱལ་བའི་དགོངས་པ་མངའ་བརྙེས་སོ། །ཕཊཿ གསུམ་གྱིས་མངོན་དུ་བྱེད་དོ། ། ནང་བདག་ཏུ་ལྟ་ཞིང་འཛིན་པའི་རེ་དོགས་ཉེར་ལེན་གྱི་ཤེས་པའི་རྟོག་ཚོགས་ཕྲ་རགས་དུ་མའི་ཚོགས་རྣམས་ཚེ་རབས་ཐམས་ཅད་དུ་ལོག་ལམ་ལ་ཁ་དྲང་བས་སེམས་ཀྱི་ཁམས་སུ་རྒྱུ་བའི་ལྷ་འདྲེ་ཡིན་པས་དེ་ལ། ཉེ་བར་ལེན་བྱའི་ཉིན་མཚན་སོགས་དུས་ཀུན་ཏུ་ཚོགས་དྲུག་གི་སྣང་བ་རྒྱུན་མི་འཆད་པའི་འཕྲུལ་དགའ་སྟོན་གྱི་བཀོད་པ་མེད་བཞིན་དུ་སྣང་བའི་འདོད་རྒུ་མི་ཟད་པའི་གཏེར་ཆེན་པོ་ནམ་མཁའ་མཛོད་ཀྱི་དཔལ་ཡོན་སྟེར་བས་ན་འཛིན་འཁྲིས་དབྱིངས་སུ་བཤིག་ནས་བདེ་སྟོང་ལྷན་སྐྱེས་ངང་དུ་བཞག་པས་ཡེ་ཤེས་སུ་འཆར་བ་ནི། ང་དང་བདག་ཏུ་འཛིན་ཡུལ་གྱི་གནས་ལ་མངོན་པར་ཞེན་པས་ཨ་ནས་ཡང་འཐས་སུ་འཕྱོངས་པའི་ཀུན་གཞི་མཐུག་པོ་གནས་སུ་དག་ཅིང་རྣམ་པར་གྲོལ་ནས། དོན་གྱི་ངོ་བོ་གཞི་མ་གྲུབ་པ་སྨྲ་བསམ་བརྗོད་མེད་རྩ་བ་མ་གྲུབ་པ་སྤྲོས་པའི་མཐའ་བྲལ་བདེ་སྟོང་རྣམ་ཀུན་མཆོག་ལྡན་ཆོས་ཉིད་ཟག་པ་མེད་ཞིའི་དབྱིངས་བརྗོད་ལས་འདས་པའི་མཆོད་པ་ཆེན་པོ་བཞེས་ཏེ་ཀ་དག་གདོད་མའི་ནང་དབྱིངས་ལ་མངའ་བརྙེས་སོ། །ཕཊཿ གསུམ་གྱིས་ལམ་དུ་འཁྱེར་རོ། །བར་གྱི་འདི་ལྟར་གཟུང་བ་དང་འཛིན་པའི་ཁམས་སུ་འབྲེལ་བའི་སྲིད་པ་ཧྲིལ་པོར་འཐས་པའི་གཤིས་ལ་རེ་དོགས་ཀྱི་ཡུལ་དཀར་ནག་གི་ལྷ་འདྲེ་མང་པོ་རྟེན་ཅིང་འབྲེལ་འབྱུང་དུ་རྒྱུ་བས་དེ་རྣམས་ལ། སྲིད་པའི་སེམས་སྣང་གི་བག་ཆགས་དགའ་སྟོན་དུ་འཕྲུལ་པའི་འཁོར་བ་རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་དུ་ལུགས་སུ་འབྱུང་བའི་ཆོས་རྣམས་ཐམས་ཅད་སྦྱིན་ཅིང་སྟེར་བའི་མོད་ལ་སེམས་སྣང་གཉིས་མེད་དུ་བཞག་པས་ཀ་དག་ཁྱབ་བརྡལ་ཆེན་པོ་མངོན་དུ་བྱེད་པ་ནི། འདི་ལྟ་སྟེ་གཟུང་འཛིན་གཉིས་བསྡུས་ཀྱི་ཡུལ་ཆོས་འཁྲུལ་སྣང་མ་ལུས་པ་སྤང་བྱ་དང་ལེན་བྱ་མེད་པར་ཆོས་ཉིད་གདོད་མའི་གཞི་ལ་རང་ཞིག་རང་དག་ཏུ་སོང་ནས། གཞི་ལྷུན་གྲུབ་རྫོགས་པ་ཆེན་པོ་ཀ་དག་གཞོན་ནུ་བུམ་སྐུ་རུ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བརྡལ་ཁྱབ་དུ་བྱམས་ཀླས་པས་མཆོད་པ་ཆེན་པོ་བཞེས་སུ་གསོལ་བས་ཕྲ་བའི་ཡེ་ཤེས་ཆེན་པོ་དབྱིངས་སུ་འཁྱིལ་བ་ལ་མངའ་བརྙེས་སོ། །ཕཊཿགསུམ་གྱིས་མཉམ་པར་འཇོག་གོ །དེས་ནི་འབྲས་བུ་ལ་སྤང་བླང་མེད་པར་རེ་དོགས་དང་བྲལ་བའི་གདེང་ཐོབ་བོ། །གཞན་ཡང་རིག་སྟོང་གཞི་ཐོག་ཏུ་གྲོལ་ནས་གདོད་མའི་གཞི་ལ་སངས་ཐད་ཀར་དུ་རྒྱ་བའི་འབྲས་བུ་བདེ་བར་གཤེགས་པའི་བདག་ཉིད་ཅན་ཞིག་ཡིན་ནོ། །བཞི་པ་མཐར་ཐུག་གི་བསྡུ་རིམ་ལ། དོན་ལ་བསྡུ་བྱ་དང་བསྡུ་བྱེད་ཀྱི་ཡུལ་ལས་འདས་ཀྱང་རྩ་བའི་ཚིག་ཟིན་ཙམ་བསྟན་པ་ལ། ཡུལ་ཁམས་གསུམ་སོགས་ཞེས་པས་ཚོགས་གཉིས་རྫོགས་པའི་བྱ་བ་རླབས་ཆེན་འདི་ཉིད་ཀྱི་མཐའ་བསྡུ་ཚུལ་ལ་མཆོད་སྤྲིན་གྱི་ཡུལ་ཁམས་གསུམ་སྲིད་པ་གཉིས་སྣང་གི་འཁོར་བའི་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་སེམས་དང་སེམས་བྱུང་གིས་སྣང་བའི་ཆོས་ཐམས་ཅད། དཔེར་ན་སྒྱུ་མ་མཁན་གྱི་སྒྱུ་མའི་འཁྲུལ་འཁོར་བསྒྱུར་བས་སྐད་ཅིག་གི་དབྱིངས་སུ་ཞིག་པ་ཇི་ལྟ་བ་བཞིན་དུ་ཞིག་སྟེ། ཆོས་ཀྱི་དབྱིངས་རང་བཞིན་འོད་གསལ་སྤྲོས་པ་དང་བྲལ་བ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པའི་བདག་ཉིད་ཟང་ཐལ་ནམ་མཁའ་ཡངས་པའི་ཤེས་རབ་ཡུམ་གྱི་གནས་ལུགས་གསང་ཆེན་དོན་གྱི་བཙུན་མོའི་མཁའ་རུ། ད་ནི་ཇི་སྲིད་ནམ་མཁའ་གནས་ཀྱི་བར་ཉིད་དུ་འཁོར་འདས་གཉིས་ཀ་བཟང་ངན་མེད་པར་སྒྲིབ་གཉིས་ཀྱི་དྲི་མ་དག་ཅིང་མཁྱེན་གཟིགས་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་བར་མཉམ་པར་བརྡལ་བ་ཆེན་པོའི་འབྱམས་ཀླས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་འདི་ཨ་ལ་ལ་ཞེས་པས་ཆོས་ཉིད་གསང་ཆེན་དོན་གྱི་ནམ་མཁའི་དབྱིངས་མངོན་དུ་བྱེད་དོ། །ཕཊཿདང་པོས་སྤྲུལ་སྐུ་ཁྲོས་མ་ནག་མོའི་ཐུགས་དང་བསྟིམས་ཏེ་སྤྲུལ་སྐུའི་དགོངས་དོན་རྫོགས་པར་བསམ། གཉིས་པས་ལོངས་སྐུ་མཁའ་སྤྱོད་དབང་མོའི་ཐུགས་དང་བསྟིམས་ཏེ་ལོངས་སྐུའི་དགོངས་དོན་རྫོགས་པར་བསམ། གསུམ་པས་ཆོས་སྐུ་ཀུན་ཏུ་བཟང་མོའི་ཐུགས་དང་བསྟིམས་པས་ཆོས་སྐུའི་དགོངས་དོན་རྒྱུད་ལ་རྫོགས་པར་མངོན་དུ་བྱེད་ནས་བརྗོད་མེད་དུ་མཉམ་པར་འཇོག་གོ །འདི་ལྟར་རྫོགས་པ་ཆེན་པོའི་གནད་དོན་ཁོང་དུ་ཆུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕ་ཡུལ་རྒྱབ་ཏུ་སྤངས་ནས་གནས་ངེས་མེད་ཀྱི་རི་ཁྲོད་མི་གྲགས་ཁྱི་འགུས་མེད་པའི་དབེན་པ་ཁོ་ན་བསྟེན་ཏེ། ཉིན་མཚན་ཁ་སྦྱོར་ནས་ཆོས་ཉིད་རྫོགས་པ་ཆེན་པོའི་དོན་ལ་ཚེ་དང་སྒྲུབ་པ་མཉམ་པ་རུ་མཉམ་པར་བཞག་ན། དེ་ལུས་འདི་ཉིད་ལ་ཟག་མེད་འཇའ་ལུས་སུ་དེངས་ནས་གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་བརྙེས་པ་ནི་ཆོས་སྐུ་རྡོ་རྗེ་འཆང་གི་གཏན་ཚིགས་སོ། །རྗེས་ཐོབ་ཏུ་དམ་ལྡན་གྱི་རྣལ་འབྱོར་པས་གདངས་སྙན་འགུག་ཅིང་རིང་བས་དབྱངས་གླུ་ལ། མ་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་སྤྲིན་བཞིན་དུ་འདུ་བ་ཡིན་པས། ཆོས་ཉིད་རྫོགས་པ་ཆེན་པོའི་ཚིག་དོན་ཡིད་ལ་བྱས་ནས་དྲི་ཟའི་བུ་མོས་གླུ་དབྱངས་ལེན་པ་ལྟར་མི་འཇིགས་པའི་གདེང་བསྐྱེད་ནས། གདངས་སྙན་དལ་ལ་རིང་ཞིང་འགུག་པའི་དབྱངས་ཀྱི་འགྱུར་ཁུག་མང་པོས་ལྟ་བའི་གདེང་གླུ་རིང་མོ་འདི་ཉིད་ལེན་ནོ། །དེས་ནི་ཞི་བྱེད་བདུད་གཅོད་ཟབ་མོའི་དགོངས་པ་ལ་མངའ་བརྙེས་ནས་རང་གཞན་གྱི་ཚོགས་གཉིས་རླབས་པོ་ཆེ་མྱུར་དུ་རྫོགས་སོ། །དགོས་དངོས་གཞིའི་ཚོམས་ཏེ་གཉིས་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་ལ་འཇུག་པར་བྱ་བ་ནི། གོང་དུ་དམིགས་མེད་དུ་བཞག་པ་དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུའམ་མཁའ་ལས་གློག་འཁྱུག་པ་ལྟ་བུ་ཞིང་ཁམས་ཀྱི་བཀོད་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་གཞོན་ནུ་མའི་ལག་མཐིལ་ལྟ་བུར་ས་གཞི་ཐམས་ཅད་མནན་ན་ནེམ་ཞིང་བཏེགས་ན་སྤར་བ། སྨན་གྱི་སྤང་རི་ལ་དྲི་བཟང་གི་ན་བུན་འཐུལ་བ། ཁ་དོག་སྣ་ཚོགས་འབར་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ། ཕྱོགས་བཞི་རུ་ཡན་ལག་བརྒྱད་ལྡན་གྱི་ཆུ་མཚོ་དང་དག་བྱེད་ཁྲུས་ཀྱི་རྫིང་བུ་དང་བདུད་རྩིའི་ཆུ་མིག་གིས་བརྒྱན་པ་ལས། དཔག་བསམ་གྱི་ལྗོན་ཤིང་རྒྱས་པ། གསེར་གྱི་བྱེ་མ་བརྡལ་བ། རིན་པོ་ཆེའི་གྲམ་ཁྲོད་བཀྲམ་པ། གཡུ་ཡི་ནེའུ་གསེང་བཀྲ་བ། སྤྲུལ་པའི་བྱ་རིགས་སྣ་ཚོགས་པས་རྣམ་འགྱུར་དུ་མར་འབྱིན་པ། རི་དྭགས་ཅང་ཤེས་མང་པོས་དགའ་བའི་ཟློས་གར་སྣ་ཚོགས་བསྒྱུར་བ། ལྷ་ཀླུ་དྲི་ཟའི་བུ་མོ་རྣམས་ཀྱིས་གར་འགྲོས་རོལ་རྩེད་ངོམ་པས་བདེ་ཆེན་ཡེ་ཤེས་བསྐྱེད་པ། ཉིན་མོ་འཇའ་ཚོན་འཁྲིགས་ཤིང་མཚན་མོ་འོད་ཟེར་འབར་བ། གང་གིས་མཐོང་བ་ཙམ་གྱིས་ཉོན་མོངས་རྣམ་པར་གྲོལ་བ། ཕྱིན་པ་ཙམ་གྱིས་རབ་དགའི་ས་རུ་གཤེགས་པ། དེ་བཞིན་དུ་བར་སྣང་ལ་ཡང་མཆོད་སྤྲིན་རྒྱ་མཚོ་བསམ་མི་ཁྱབ་པར་འཁྲིགས་པ། ནམ་མཁའ་ལ་དབྱིངས་དང་ཐིག་ལེའི་རང་བཞིན་དྲྭ་བ་མིག་མངས་རིས་སུ་བྲིས་པའི་གདུགས་དང་རྒྱལ་མཚན་བ་དན་བླ་བྲེ་སོགས་ཀྱིས་བརྒྱན་ཅིང་། ཅོད་པན་དར་དཔྱང་དྲིལ་གཡེར་སིལ་སྙན་མང་པོས་དཔྱངས་པ་ཐུར་དུ་འཕྱང་བ། རིང་བའི་ནམ་མཁའི་ཕྱོགས་མཐའ་ཀུན་ཏུ་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བྲོ་གར་སྣ་ཚོགས་ངོམ་པ། དེ་ལྟ་བུའི་ཞིང་ཁམས་སྐྱེད་མོས་ཚལ་གྱི་དབུས་སུ་རིན་པོ་ཆེའི་སེང་ཁྲི་རྒྱ་ཆེ་ཞིང་དཔངས་མཐོ་བའི་ཁར་པདྨ་དང་ཉི་ཟླའི་གདན་ལ། རང་རིག་ལས་བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མའི་མདངས་ལྟ་བུ་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་བདག་ཉིད་ལ། ཆོས་གོས་གསུམ་གྱིས་བཀླུབས་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང་གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ། ནམ་མཁའི་འཇའ་ཚོན་ལྟ་བུའམ། ཆུ་ནང་གི་ཟླ་གཟུགས་ལྟ་བུར་གསལ་ཏེ། དེའི་སྐུའི་གནས་ཐམས་ཅད་དང་མཛོད་སྤུ་ནས་ཕྱུངས་པའི་འོད་ཟེར་གྱི་ཚུལ་དུ་སྤྲུལ་པའི་གཟུགས་སྐུ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་སྟོང་གསུམ་གྱི་འཇིག་རྟེན་ནམ་མཁས་གར་ཁྱབ་ཏུ་འཕྲོས་པས། ལྷ་འདྲེས་ཐོགས་དྲངས་འགྲོ་དྲུག་སེམས་ཅན་རྣམས་ལ་རང་རང་གི་རིགས་དང་བློ་དང་སྐད་དང་བསྟུན་ནས་སྡེ་སྣོད་གསུམ་སོགས་ཐེག་པའི་ཆོས་ཚུལ་མཐའ་དག་རྣམས་སྟོན་ཅིང་འཆད་པར་བསམ་ཏེ། ཆོས་སྐུ་འོད་དཔག་སོགས་དགེ་སྡིག་གཏོང་ལེན་དང་། ན་མོ་ཆོས་རྣམས་སོགས་འདོན་ཚེ་སྒྱུ་མ་ལྟ་བུའི་ངང་ནས་བྱམས་དང་སྙིང་རྗེ་ཚད་མེད་པའི་སྒོ་ནས་སེམས་རྣམ་པར་མི་གཡེང་བར་དམིགས་གནད་དང་ལྡན་པས། གདུལ་བྱའི་སེམས་ཅན་རྣམས་ཀྱི་སྣང་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ཏེ། མཐར་ཐམས་ཅད་སྨིན་ཅིང་གྲོལ་ནས་རིགས་དྲུག་སོ་སོའི་ལས་སྣང་གི་སྡུག་བསྔལ་དང་བྲལ་ཏེ་ལྷ་མིའི་ལུས་རྟེན་ལ་བྱང་ཆུབ་སེམས་དཔའ་དང་སེམས་མའི་གོ་འཕང་ཐོབ་ནས། སྤྲོས་པའི་འོད་ཟེར་རྣམས་ཚུར་བསྡུ་བ་དང་མཉམ་དུ་ཁོང་རྣམས་ཀྱང་སྐད་ཅིག་གིས་རང་མདུན་དུ་འུབ་དིར་གྱིས་ལྷགས་པར་བསམ་ལ་དངོས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཀུན་གྱིས་བཅུ་ལམ་ལྔ་ཐམས་ཅད་རྫོགས་ཤིང་སྤང་རྟོགས་ཀྱི་ཡེ་ཤེས་དང་ཡོན་ཏན་རྒྱས་པར་དམིགས་ཏེ། ན་མོ་ཚོགས་ཀྱི་ལམ་སོགས་ཞེས་པས་རྒྱལ་བའི་བཀའ་དང་བསྟུན་ནས་ཆོས་སྦྱིན་དང་། འབྲེལ་ཚད་རྣམ་པར་གྲོལ་བའི་སྨོན་ལམ་གྱི་རྒྱས་གདབ་པས་སྟོན་འཁོར་ཐམས་ཅད་འོད་ལྔའི་ཐིག་ལེ་ཆེན་པོ་གཅིག་ཏུ་གྱུར་ཏེ་ཆོས་ཉིད་ཀྱི་དབྱིངས་སུ་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་པར་བྱམས་ཀླས་པར་འཇོག་གོ །འདི་ཡི་གཞུང་དོན་གྱི་སྐོར་རྣམས་གསང་བའི་སྦས་དོན་བཀའ་རྒྱ་མ་ཡིན་པས་གདམས་པའི་ལས་སྐལ་དང་ལྡན་པ་མ་གཏོགས། དམ་ཉམས་ལ་བསྟན་ན་མ་མཁའ་འགྲོས་བཀའ་ཆད་དྲག་པོ་འབྱུང་ཉེ་བས། དེས་ཕྱིར་གསང་རྒྱ་དམ་པར་གྱིས་ཤིག། མཐར་ཆོས་སྦྱིན་གྱི་ཚོམས་ཏེ་གསུམ་པའི་བདག་ཉིད་ཅན་གྱིས་རྫོགས་སོ། །འདི་བྲིས་དགེ་བས་བདག་དང་འགྲོ་བ་ཀུན། གསང་ཆེན་མྱུར་ལམ་ཤིང་རྟ་འདིར་ཞོན་ནས། སྲིད་པའི་སྡུག་བསྔལ་ཆུ་གཏེར་ལས་བརྒལ་ཏེ། དབྱིངས་ཉིད་ཡངས་པའི་བྱང་ཆུབ་བརྙེས་པར་ཤོག །ཅེས་པ་འདི་ཉིད་སྔོན་ཆད་དགེ་བློ་བཟང་གིས་ནན་བསྐུལ་མང་དུ་བཏང་བས་འབྲི་བར་བརྩམས་ཀྱང་འབྲི་ཐབས་མི་འགྲིགས་པའི་བར་ལ་ཁོང་གཤེགས་སོ། །དེའི་རྗེས་དགེ་པདྨ་མཐའ་བྲལ་དང་། དགེ་བསོད་ནམས་ནོར་བུ་གཉིས་ཀྱིས་བཀྲ་ཤིས་རྫས་རིན་ཆེན་རིན་ཐང་དང་བྲལ་བའི་ལྷ་ཡི་གོས་པཉྩ་ལི་ཀའི་རྟེན་དང་བཅས་ཏེ་ནན་བསྐུལ་ཡང་ཡང་བཏང་བས། གནས་མཆོག་དཔལ་གྱི་བྲག་དམར་ནམ་མཁའ་ཁྱུང་རྫོང་གི་ཡང་དབེན་མཁའ་འགྲོའི་གསང་བའི་ཤེལ་ཕུག་ཏུ་བཙུན་ཆུང་ཨེ་ཏར་ཛས་སྨྲས་སོ། །སརྦ་མངྒ་ལཾ། །བཀྲ་ཤིས། ཤུ་བྷཾ། །ཛ་ཡནྟུ།། །།

པདྨ་བདེ་ཆེན་རྒྱལ་པོ།

Dudjom Tröma Nakmo

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept