བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ༔

English | བོད་ཡིག

༄༅། །བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་བཞུགས་སོ༔

བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི༔ བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ རང་གི་སྤྱི་བོའི་གཙུག་ཏུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ༔ རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་ཆ་བྱད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་པ་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ རལ་པའི་ཐོར་ཙུག་གྱེན་དུ་བཅིངས་ཤིང་ལྷག་མ་ཐུར་དུ་གྲོལ་བ༔ སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དེའི་སྤྱི་བོར་འཁོར་ལོའི་སྟེང་དུ་ཨོཾ་དཀར་པོ༔ མགྲིན་པར་པདྨའི་ལྟེ་བར་ཨཱཿདམར་པོ༔ ཐུགས་ཀར་ཉི་ཟླའི་སྟེང་དུ་ཧཱུཾ་དཀར་པོ༔ ཧཱུཾ་དཀར་པོ་དེ་ལ་ཡི་གེ་བརྒྱ་པས་བསྐོར་ནས་སྒྲ་རང་གྲག་ཏུ་འཁོར་བར་བསམ༔ ཡི་གེ་གསུམ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པའི་མཆོད་པ་ཕུལ༔ ཐུགས་དམ་གྱི་རྒྱུད་བསྐུལ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྡོ་རྗེ་སེམས་དཔའ་ལ་ཐིམ་རྡོ་རྗེ་སེམས་དཔའ་སྔར་བས་སྐུ་ཆེ་ཞིང་གཟི་བརྗིད་དང་ལྡན་པར་གྱུར༔ ཐུགས་ཀའི་ཧཱུཾ་དཀར་པོ་ལས་ཟག་མེད་ཀྱི་བདུད་རྩི་དངུལ་ཆུའི་མདོག་ལྟ་བུ་དཀར་ཤར་གྱིས་བྱོན་ཞབས་ཀྱི་མཐེབ་ཆེན་ལས་བབས་པས་རང་གི་སྤྱི་གཙུག་ཚངས་བའི་བུ་ག་ནས་མར་བབས་ནས༔ རྩ་དབུ་མའི་ནང་ན་མར་བརྒྱུད་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལ་ཐུག་གི་བར་དུ་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ནག་འདུར་གྱིས་སོལ་ཁུ་ཆུས་ཁྱེར་བ་བཞིན་དུ་རྩ་ལམ་དང་ཆུ་ལམ་བ་སྤུའི་བུ་ག་ཐམས་ཅད་ལས་ཐོན་ནས་རང་ཉིད་ལུས་ཤེལ་སྒོང་དྲི་མ་མེད་པའམ༔ ཕྲུ་མ་ཕུས་བཏབ་པ་བཞིན་དུ་ངང་སངས་ཀྱིས་སོང་བར་བསམ་ཞིང་༔ མ་ཡེངས་པར་ཡི་གེ་བརྒྱ་པ་ཅི་ནུས་སུ་འདྲེན༔ རྗེས་མི་དམིགས་པའི་ངང་ལ་བཞག༔ དེ་ནི་ཕྱིའི་བླ་མའི་རྣལ་འབྱོར་སྒྲིབ་པ་སྦྱོང་བའོ༔

ནང་ལྟར་དུ་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས༔ གོང་གི་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཧཱུྃཿདཀར་པོ་ཚེག་དྲག་དང་ལྡན་པ་ཅིག་ཏུ་གྱུར༔ ཧཱུྃཿདེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་དུ་གྱུར༔ ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་གྱུར༔ དེ་རྣམས་ཐམས་ཅད་འོད་དུ་ཞུ་ནས་ཧཱུཾཿདཀར་པོའི་རང་བཞིན་དུ་གྱུར༔ ཡང་སྔར་གྱི་ཧཱུཾཿདེ་ལས་འོད་ཟེར་འཕྲོས་པས་ཧཱུཾཿདེ་དག་ཐམས་ཅད་ཚུར་བསྡུས་རྩ་བའི་ཧཱུྃཿལ་ཐིམ༔ ཧཱུྃཿདེ་སྔར་བས་གཟི་བརྗིད་དང་ལྡན་པ་ཞིག་ཏུ་གྱུར༔ དེ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཧཱུཾཿལ་ཐིམ༔ ཧཱུཾཿཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པར་གྱུར༔ དེའི་སྐུ་ལ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ༔དམར་སེར༔ དེ་ལས་འོད་ཟེར་ཡར་འཕྲོས་རྩ་དབུ་མའི་ནང་ན་ཡར་སོང་བས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ རང་གི་སྤྱི་བོའི་ཐད་ཀ་ཁྲུ་གང་གི་ཐད་དུ་སྣ་ཚོགས་པདྨ་འདབ་མ་བཞི་དང་ལྡན་པའི་སྟེང་དུ་བླ་མ་ཀུན་འདུས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ༔ སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ དེའི་ཐུགས་ཀར་ཧཱུཾ་དཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་གདུགས་ཕུབ་པའི་ཚུལ་དུ་སྤུང་ངེ་བཞུགས་པར་བསྒོམ༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཧཱུཾ་དཀར་པོ༔ རང་གི་ཐུགས་ཀའི་ཧཱུཾ་དམར་སེར་གཉིས་སྔགས་ཀྱི་ཕྲེང་བའི་ཚུལ་དུ་བརྒྱུད༔ ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཞེས་བརྗོད་པས༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྔགས་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་རང་བསྒྲག་ཏུ་འདྲེན་པར་བསམ༔ ཐུན་མཚམས་སུ་རླུང་བུམ་པ་ཅན་འཛིན༔ རྗེས་མི་དམིགས་པའི་ངང་ལ་བཞག༔ ནང་གི་བླ་མའི་རྣལ་འབྱོར་རོ༔

གསང་བའི་བླ་མའི་རྣལ་འབྱོར་བསྒོམ་པ་ནི༔ རང་ལུས་ལྷ་སྐུར་གསལ་བཏབ་ནས༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ དེ་བཞིན་བདག་གིས་གསལ་གདབ་བོ༔ གོང་དུ་བསྒོམས་པ་རྣམས་འོད་དུ་ཞུ་བ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ་ཧཱུཾ་མཐིང་ཁ་ཞིག་ཏུ་བསམ༔ འཕྲོ་འདུ་གོང་དང་འདྲ༔ ཧཱུཾ་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ༔ དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སྔོ་སྐྱ་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀའང་དར་དང་རུས་པ་དང་རིན་པོ་ཆེས་བརྒྱན་པ༔ དེའི་ཐུགས་ཀར་རྩ་འདབ་བཞི་བཅུ་རྩ་གཉིས༔ དེའི་དབུས་སུ་པདྨ་འདབ་མ་བཞི་པ༔ དེའི་དབུས་སུ་ཀུན་ཏུ་བཟང་པོ་ཡབ་ཡུམ༔ རྒྱན་མེད་མཉམ་གཞག་གི་ཕྱག་རྒྱ་ཅན༔ དེའི་ཤར་དུ་རྡོ་རྗེ་སེམས་དཔའ༔ ལྷོར་རིན་ཆེན་འབྱུང་ལྡན༔ ནུབ་ཏུ་སྣང་བ་མཐའ་ཡས༔ བྱང་དུ་དོན་ཡོད་གྲུབ་པ༔ དེ་རྣམས་ཀྱིས་གཙོ་བྱས་ཞི་བ་བཞི་བཅུ་རྩ་གཉིས༔ ཀུན་ཏུ་བཟང་པོའི་མདངས་ལས་འབར་བ་ལྔ་བཅུ་རྩ་བརྒྱད༔ དེའི་སྤྱི་བོར་སྣ་ཚོགས་པདྨ་འདབ་མ་བརྒྱད་དང་ལྡན་པ༔ དེའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བཞིའི་དབུས་སུ༔ གུ་རུ་ཐོད་ཕྲེང་རྩལ༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་རྩལ༔ ལྷོར་རཏྣ་ཐོད་ཕྲེང་རྩལ༔ ནུབ་ཏུ་པདྨ་ཐོད་ཕྲེང་རྩལ༔ བྱང་དུ་ཀརྨ་ཐོད་ཕྲེང་རྩལ༔ དེ་རྣམས་ཐམས་ཅད་ཀྱང་ཡབ་ཡུམ་གྱི་རྣམ་པར་བསམ༔ མུ་ཁྱུད་ལ་རང་འདྲ་བ་དཔག་ཏུ་མེད་པས་བསྐོར་བར་བསམ༔ པདྨ་འདབ་མ་བརྒྱད་ལ་གུ་རུ་མཚན་བརྒྱད༔ གཡས་ཌཱ་རུ་གཡོན་དྲིལ་བུ་དཀུར་བརྟེན་པའོ༔ དེ་རྣམས་ལ་རང་འདྲ་བ་དཔག་ཏུ་མེད་པས་བསྐོར་བ༔ མུ་ཁྱུད་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ༔ གུ་རུ་ཐོད་ཕྲེང་རྩལ་གྱི་སྤྱི་བོར་ཨོ་རྒྱན་པདྨ་འབྱུང་གནས༔ དེའི་སྤྱི་བོར་ཤྲཱི་སིང་ཧ༔ དེའི་སྤྱི་བོར་དགའ་རབ་རྡོ་རྗེ༔ དེའི་སྤྱི་བོར་རྡོ་རྗེ་འཆང་ཆེན་པོ༔ དེའི་སྤྱི་བོར་ཀུན་ཏུ་བཟང་པོ་ཡབ་ཡུམ༔ གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་འཐིབ་པ་བཞིན་བཞུགས་པར་བསམ༔ རང་གི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་ཏིལ་གྱི་སྒོང་བུ་ཁ་བྱེ་བ་ལྟ་བུར་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་ཐེམ་འགག་ནེམ་འགག་བཞུགས་པར་བསྒོམ༔ དེ་རྣམས་ཐམས་ཅད་སྔགས་ཀྱི་རང་སྒྲ་དི་རི་རི༔ ཕྱིའི་འབྱུང་བ་ཡང་དེ་དང་འདྲ་བར་བསྒོམ༔ ཐུན་འཇོག་པའི་དུས་སུ་དབྱེར་མེད་པའི་ངང་ལ་བཞག་གོ

༈ གསང་བ་ལྟར་དུ་བཟླས་པ་ནི༔ རང་ལུས་གོང་ལྟར་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ༔ སྤྱི་བོར་རྩ་བའི་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་དང་དབྱེར་མེད་པར་བསྒོམ༔ གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྒྱུད་པའི་བླ་མ་རྣམས་སྤྲིན་འཐིབ་པ་ལྟ་བུར་བསམ༔ ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་ཧཱུཾ་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་དེ་ལས་ཧཱུཾ་ཡར་འཕྲོས་སྤྱི་གཙུག་ཏུ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ན་ཟླ་བ་ཉ་གང་བ་གཅིག་བསམ༔ དེའི་སྟེང་དུ་ཡི་གེ་ཧཱུཾ་དཀར་པོ་གཅིག་བསམ༔ མར་རྒྱུད་ལྟར་གཡོན་སླར་དཔྱད་སྐོར་དུ་བརྒྱུད་པར་བསམ༔ བ་སྤུའི་བུ་ག་ཐམས་ཅད་ཧཱུཾ་གིས་ཁེངས་པར་བསམ་མོ༔ དེ་ལྟར་འོད་ཟེར་གྱི་འཕྲོ་འདུ་རྒྱུན་མ་ཆད་པར་བསྒོམ་མོ༔ བླ་མའི་རྣལ་འབྱོར་ཕྱི་ནང་གསང་གསུམ་རྫོགས་སོ༔

པདྨ་ལས་འབྲེལ་རྩལ།

པདྨ་ལས་འབྲེལ་རྩལ།

གནས་ཚུལ་འཕར་མ།

BDRC Author Profiles: P7628 P4956 P1583

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept