Brief Autobiography—Tibetan

Literary Genres › BiographyAutobiography | བོད་ཀྱི་བླ་མ།པདྨ་རིག་རྩལ་རིན་པོ་ཆེ།

English | བོད་ཡིག

པདྨ་རིག་རྩལ་རིན་པོ་ཆེ།

Tulku Pema Rigtsal Rinpoche

༄༅། །རང་རྣམ་མདོར་བསྡུས།

པདྨ་རིག་རྩལ་རིན་པོ་ཆེ་ཞེས་པ་བདག་རང་ཉིད་ནི། སྤྱི་ལོ་༡༩༦༤ བོད་ཟླ་༢ ཚེས་༡༥ ཉིན་རྒྱ་གར་གྱི་ས་གནས་སཱན་དྷིའུ་ཞེས་པར། ཡབ་༧སྐྱབས་མགོན་པདྨ་བདེ་བའི་རྒྱལ་པོའ་ིཡང་སྲིད་པདྨ་འཇིགས་མེད་རྣམ་རྒྱལ་དང་ཡུམ་སྐྱབས་མ་ཚེ་རིང་གཉིས་ལས་བཙས། བྱིས་པ་ལོ་ངོ་མ་འཁོར་བའི་གོང་དུ་ལྷ་༼རྡོ་རྗེ་གཡུ་སྒྲོན།༽དང་བླ་མའི་༼༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།༽ལུང་བསྟན་གྱིས་རྒྱ་གར་དམ་པ་སངས་རྒྱས་ཀྱི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པ་སྐུ་ཞབས་འཆི་མེད་རིན་པོ་ཆེའི་སྐྱེས་སྲིད་དུ་ངོས་བཟུང་། དེ་ནས་ཡབ་བདེ་རྒྱལ་རིན་པོ་ཆེ་དང་ཞང་པོ་རྣམ་རྒྱལ་ལས་བོད་ཡིག་འབྲི་ཀློག་སོགས་སྦྱངས། བར་མཚམས་ཤིག་ན་བལ་ཡུལ་བོད་གཞུང་རྣམ་རྒྱལ་སློབ་གྲྭ་དང་། དྷར་བྷར་མཐོ་རིམ་སློབ་གྲྭ་རུ་ལོ་རིམ་དྲུག་པ་བར་སློབ་གྲྭར་ཕྱིན། དེ་རྗེས་རང་ལུགས་ཀྱི་འདོན་རྟ་དབྱངས་ཆོ་ག་ཕྱག་ལེན་ལ་སྦྱངས། གཞོན་ནུའི་དུས་ནས་ནང་གི་འཁོར་ཡུག་ཆོས་དང་འབྲེལ་བའི་དབང་གིས་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ་རྣམ་གཉིས་ལ་མི་ཕྱེད་པའི་དད་པ་དང་། དམ་པའི་ཆོས་ལའང་དད་མོས་ཆེན་པོ་ཡོད། ལོ་ངོ་བཅུ་དགུའི་ཐོག་སྐུ་ཞབས་འཆི་མེད་རིན་པོ་ཆེའི་སྲས་པདྨ་ཀུན་གྲོལ་རིན་པོ་ཆེ་གློ་བུར་དུ་སྐུ་གྲིབ་བཞེས་ནས་གཤེགས་པ་ལ་སྐྱོ་ཤེས་དྲག་པོས་ཀུན་ཏུ་བསླངས་ཏེ་ཆོས་ལེགས་པོ་ཞིག་སྒྲུབ་འདོད་ཀྱི་བསམ་པ་ཤུགས་དྲག་སྐྱེས། དེ་འཕྲལ་ད་ལྟའི་བཀའ་དྲིན་མཚུངས་པ་མ་མཆིས་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་མཁན་ཆེན་ཟླ་བའི་འོད་ཟེར་རིན་པོ་ཆེ་དེ་ཉིད་ཀྱི་ཞབས་ལ་ལོ་ངོ་བཅུ་ཕྲག་གི་རིང་རྒྱ་བལ་འབྲུག་འབྲས་ཁམས་སོགས་སུ་ཕྱིན་ཏེ་རྗེས་སུ་བཏུད། མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་བྱེད་པའི་སྐབས་སུ་ལྟོ་གོས་གཏམ་གསུམ་གྱི་ངལ་བ་ཁྱད་དུ་བསད་ཅིང་བརྩོན་པ་ལྷུར་བླངས་འབད་པས་བླ་མ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར། མཁན་རིན་པོ་ཆེའི་བཀའ་ལུང་སྤྱི་བོར་བླངས་ཏེ་སྤྱི་ལོ་༡༩༩༣ནས་མི་ཐེག་པའི་ཁུར་ལྟར་ད་ལྟའི་བར་ལོ་ངོ་༢༦རིང་གྲྭ་པ་བཅུ་ཕྲག་ལྔ་ཡས་མས་ལ་ཉིན་ལྟར་ཆོས་ཁྲིད་མ་ཆད་ཅིང་། ཞར་ལ་ལོ་གསུམ་གྱི་མཚམས་ཐེངས་གཅིག་དང་། ལོ་མཚམས་ཐེངས་ཁ་ཤས་བཅས་རང་ནུས་ཀྱིས་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་འོམ་ལྷོ་ནམ་ཁྱུང་དགོན་རང་དུ་གནས་མ་སྤོས་བར་བསྡད་ཅིང་ཞར་ལ་དགེ་བསྐུལ་ཆེད་སྐྱ་སེར་ཡོངས་ལ་ཀུན་བཟང་བླ་མའི་ཞལ་ལུང་དང་། སྤྱོད་འཇུག རྒྱལ་སྲས་ལག་ལེན་སོགས་ཀྱི་བློ་སྦྱོང་ལན་མང་བཤད། དེར་བརྟེན་བཛྲ་གུ་རུ་དང་། མ་ཎི་དང་། ཨ་མི་དྷེ་ཝ་འབུམ་བརྒྱ་འདོན་མཁན་སྟོང་ཕྲག་ལས་བརྒལ་བ་བྱུང་། ཆོས་པ་རྣམས་ནི་ལོ་གསུམ་དང་ཟླ་དྲུག་སོགས་བཞུགས་མཁན་ཡང་ད་བར་བརྒྱ་ལས་མི་ཉུང་བ་བྱུང་ཡོད། དེ་དང་ཆབས་ཅིག རྟེན་བཞེངས་ཕྲན་རེ་ཡང་བྱས། ད་ལྟའི་ཆོར་གྲྭ་བཙུན་བསྡོམས་༤༠༠་ལྷག་ཙམ་ཡོད་པ་དེ་དག་གིས་སྔར་ནམ་ཁྱུང་དགོན་པ་རང་གི་ཕྱག་བཞེས་ལྟར་ཡར་ངོ་མར་ངོའི་ཚེས་བཅུའི་དུས་མཆོད་རྣམས་མ་ཉམས་པར་རྒྱུན་སྐྱོང་བཞིན་མཆིས། སྤྱིར་ཕྲན་ལ་བཀའ་དྲིན་ཅན་གྱི་བླ་མ་དུ་མ་ཞིག་ལས། གཙོ་བོ་༧སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ། ༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ། ༧སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ། ༧སྐྱབས་རྗེ་པདྨ་ནོར་བུ་རིན་པོ་ཆེ། ༧སྐྱབས་རྗེ་གཡང་ཐང་རིན་པོ་ཆེ། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། དགེ་བའི་བཤེས་གཉེན་ཆེན་པོ་བྱ་བྲལ་བ་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་གདལ་དང་། མཁན་ཆེན་ཟླ་བའི་འོད་ཟེར། མཁན་ཆེན་པདྨ་ཚེ་དབང་སོགས་སོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept