Instructions on Practising Fourfold Emptiness—Tibetan

Buddhist Philosophy › Prajñāpāramitā | Literary Genres › Stages of Meditation | Buddhist Philosophy › Emptiness | བོད་ཀྱི་བླ་མ།རོང་སྟོན་ཤེས་བྱ་ཀུན་རིག

English | བོད་ཡིག

རོང་སྟོན་ཤེས་བྱ་ཀུན་རིག

ཤེར་ཕྱིན།

༄༅། །ཤེར་རབ་སྙིང་པོའི་དོན་སྟོང་ཉིད་བཞི་སྦྱོར་ཉམས་སུ་ལེན་པའི་མན་ངག་བདུད་རྩིའི་དགའ་སྟོན་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་བརྩེ་བའི་བདག་ཉིད་ཅན། །དམ་ཆོས་བདུད་རྩིའི་ཆར་གྱིས་འགྲོ་བ་རྣམས། །མ་ལུས་ཡོངས་སུ་སྨིན་པར་མཛད་པ་པོ། །ཐུབ་པའི་དབང་པོ་དད་པས་གཙུག་གིས་མཆོད། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གསུང་རབ་ཀུན་གྱི་སྙིང་པོའི་མཆོག་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་པའི་དོན་གྱི་ཚུལ། །ཉམས་སུ་ལེན་པའི་མན་ངག་བཤད་པར་བྱ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོའི་དོན་སྟོང་ཉིད་བཞི་སྦྱོར་ཉམས་སུ་ལེན་པའི་ཚུལ་ནི་འདི་ལྟ་སྟེ། ཐོག་མར་མོས་གུས་བླ་མའི་རྣལ་འབྱོར། དཀོན་མཆོག་སྐྱབས་འགྲོའི་རྣལ་འབྱོར། ཚད་མེད་བཞིའི་རྣལ་འབྱོར། ལྷག་བསམ་སེམས་བསྐྱེད་ཀྱི་རྣལ་འབྱོར་རོ། །འདི་བཞི་ནི་སྒྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གལ་ཆེ་བས་ལམ་གྱི་སྔོན་འགྲོའི་ཆོས་སོ། །ལམ་གྱི་དངོས་གཞི་ལ་གསུམ། ལྟ་བས་སྤྲོས་པའི་མཐའ་བཅད། སྒོམ་པས་དོན་ཉམས་སུ་བླང་། དེའི་ཕན་ཡོན་བཤད་པའོ། །དང་པོ་ལྟ་བས་སྤྲོས་པའི་མཐའ་བཅད་པ་ནི། ཕུང་པོ་ལྔ་རང་བཞིན་གྱིས་སྟོང་པར་ཡང་དག་པར་ཤེས་རབ་ཀྱིས་རྗེས་སུ་བལྟས་ཏེ། ཐོག་མར་གཟུགས་ལ་སྦྱར་བ་ནི། དམིགས་པའི་ཡན་ལག་དབྱིབས་དང་། ཁ་དོག་གང་ཡང་རུང་བ་ཞིག་གསལ་བཏབ་ནས། ཆུ་ཟླའི་དཔེས་གང་སྣང་གི་ཡུལ་རང་བཞིན་གྱིས་སྟོང་པར་བལྟའོ། །དེ་ལའང་ཐོག་མར་དམིགས་ཡུལ་གསལ་གདབ་དགོས་ཏེ། ཁྱད་གཞི་མ་བཟུང་བར་ཁྱད་ཆོས་ལ་བདེན་འཛིན་གྱི་སྒྲོ་འདོགས་མི་ཆོད་པའི་ཕྱིར་རོ། །དེ་ནས་དམིགས་ཡུལ་གྱི་སྣང་བ་དེ་ཉིད་རང་བཞིན་ནམ། ངོ་བོ་ཉིད་ཀྱིས་སྟོང་པར་རྗེས་སུ་བལྟ་སྟེ། གཟུགས་སྟོང་པའོ་ཞེས་པའི་དོན་ནོ། །དཔེར་ན་ཆུ་ནང་དུ་ཟླ་བ་སྣང་བའི་ཚེ། ཟླ་བར་སྣང་ཡང་ཟླ་བའི་ངོ་བོ་དང་། རང་བཞིན་དང་། མཚན་ཉིད་མེད་པར་ཤེས་པར་བྱས་ནས། དོན་གཟུགས་སོགས་ལ་སྦྱར་ཏེ། སྣང་བའི་དུས་ན་རང་བཞིན་མེད་པར་ཤེས་པར་བྱའོ། །འདིས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་བཅད་དོ། །མེད་པ་སྐུར་འདེབས་ཀྱི་མཐའ་བསལ་བ་ནི། གནས་ཚུལ་སྟོང་པ་ཉིད་ཡིན་བཞིན་དུ་སྣ་ཚོགས་སུ་སྣང་ངོ་། །འདིས་མེད་པ་སྐུར་འདེབས་ཀྱི་མཐའ་བསལ། སྟོང་པ་ཉིད་གཟུགས་སོ་ཞེས་པས་བསྟན་ནོ། །དཔེར་ན་ཟླ་བས་སྟོང་ཡང་ཟླ་བར་སྣང་བ་བཞིན་ནོ། །སྣང་སྟོང་དབྱེར་མེད་དུ་ཤེས་པར་བྱ་བ་ནི། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པས་བསྟན་ཏེ། ཆུ་ནང་དུ་ཟླ་བར་སྣང་ཡང་ཟླ་བ་མེད་ལ། ཟླ་བར་མེད་ཀྱང་ཟླ་བར་སྣང་བ་བཞིན་དུ། གཟུགས་སུ་མེད་ཀྱང་གཟུགས་སུ་སྣང་ངོ་། །ཚུལ་དེ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་སྦྱར་ནས་དེ་བཞིན་དུ་ཤེས་པར་བྱའོ། །སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྟེན་འབྲེལ་གཉིས་དང་། ལམ་གྱི་དམིགས་པ་བདེན་པ་བཞི་དང་། ཡུལ་ཅན་ཡེ་ཤེས་དང་། ཐོབ་བྱའི་འབྲས་བུ་རྣམས་ཀྱང་རང་བཞིན་སྟོང་པར་སྔར་བཞིན་དུ་བསྟན་ནོ། །ལྟ་བས་སྤྲོས་པའི་མཐའ་བཅད་པ་བསྟན་ཟིན་ཏོ། །གཉིས་པ་སྒོམ་པས་དོན་ཉམས་སུ་ལེན་པ་ནི། ལྟ་བས་གང་སྣང་བ་ཐམས་ཅད་རང་བཞིན་གྱིས་མེད་པར་རྟོགས་པའི་དོན་དེ་ཉིད་ཏིང་ངེ་འཛིན་གྱིས་ཡང་དང་ཡང་དུ་འདྲིས་པར་བྱེད་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ཡང་དམིགས་པ་མི་གསལ་ན་བྱིང་བ་ཡིན་ལ། དམིགས་པ་ལ་སེམས་མི་གནས་པར་སེམས་གཞན་དུ་འཕྲོ་ན་རྒོད་པ་ཡིན་པས། ཤེས་བཞིན་གྱི་བྱ་ར་བས་བྱིང་རྒོད་བྱུང་བ་རིག་པར་བྱས་ནས་དེ་མ་ཐག་ཏུ་བསལ་བར་བྱའོ། །ཡང་ན་ཉོན་མོངས་པ་དུག་གསུམ་གང་བྱུང་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་མ་རྙེད་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །ཡང་སྟོང་པ་ཉིད་སྒོམ་པའི་བློ་ལའང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས། དེ་ཡང་མི་དམིགས་པར་བསྒོམ་པར་བྱའོ། །ཡུལ་སྟོང་པ་ཉིད་དུ་བསྒོམ་པ་ནི། གཟུང་བ་མི་དམིགས་པའི་རྣལ་འབྱོར་ཡིན་ལ། ཡུལ་ཅན་མི་དམིགས་པར་བསྒོམ་པ་ནི། འཛིན་པ་མི་དམིགས་པའི་རྣལ་འབྱོར་ཡིན་ནོ། །རྣལ་འབྱོར་གཉིས་པོ་རྗེས་ཐོབ་ཏུ་ཁོར་ཡུག་ཏུ་གསལ་འདེབས་པ་ནི། བོགས་དབྱུང་བའི་མན་ངག་སྟེ། མཉམ་བཞག་རྗེས་ཐོབ་ཀྱིས་བོགས་དབྱུང་ལ། རྗེས་ཐོབ་ཀྱི་བོགས་མཉམ་བཞག་གིས་འདོན་པར་བྱའོ། །འདི་ནི་གནད་ཀྱི་མན་ངག་གོ །ཕྱི་སྣང་སྟོང་དབྱེར་མེད་དང་། ནང་རིག་སྟོང་དབྱེར་མེད་དུ་བསྒོམ་པ་ནི་དོན་མདོར་བསྡུས་པའོ། །གསུམ་པ་ཕན་ཡོན་བཤད་པ་ནི། སེམས་ལ་སྒྲིབ་པ་མེད་ཅིང་སྐྲག་པ་མེད་དེ་ཕྱིན་ཅི་ལོག་ལས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཞེས་པས་སྟོན་ནོ། །མཁས་པ་ཆེན་པོ་དཔལ་ལྡན་མར་མེ་མཛད། །གང་གིས་གསུངས་པའི་སྟོང་ཉིད་བཞི་སྦྱོར་གྱི། །ཉམས་ལེན་མན་ངག་གནད་དུ་བསྡུས་པ་འདི། །གཞན་ལ་ཕན་པར་བྱ་ཕྱིར་སྦྱར་བ་ཡིན། །ལེགས་པར་བཤད་པའི་དགེ་བ་གང་ཐོབ་པས། །ཕ་མས་གཙོ་བྱས་མཐའ་ཡས་འགྲོ་བ་ཀུན། །ཤེས་རབ་ཕ་རོལ་ཕྱིན་པའི་དོན་རྟོགས་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །ཅེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་པོའི་དོན་སྟོང་ཉིད་བཞི་སྦྱོར་ཉམས་སུ་ལེན་པའི་མན་ངག་འདི་ནི། རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept