ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་དངོས་གྲུབ་དཔལ་སྟེར༔
༄༅། །ཆོས་ཉིད་མཁའ་འགྲོའི་གསང་མཛོད་ལས༔ ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་དངོས་གྲུབ་དཔལ་སྟེར་བཞུགས༔
ན་མོ་པདྨ་ཀཱ་ར་ཡེ༔
སྐྱེ་མེད་སྤྲོས་བྲལ་ཆོས་སྐུ་ཀུན་བཟང་མོ༔
མ་འགགས་རང་གསལ་ལོངས་སྐུ་ཝཱ་ར་ཧི༔
ཐུགས་རྗེ་མཛད་པ་བསམ་འདས་མཚོ་རྒྱལ་མ༔
སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔
རྣལ་འབྱོར་དམ་ཚིག་ལྡན་པའི་སྐྱེས་བུ་ཡིས༔
ཡེ་ཤེས་ཌཱ་ཀིའི་གསང་བའི་སྒྲུབ་ཐབས་ནི༔
སྤྲོས་མེད་རྒྱུན་ཁྱེར་ཟག་མོའི་གདམས་པ་བསྟན༔
ས་མ་ཡ༔
དེ་ཡང་སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནི༔
ན་མོཿ
ཀུན་མཁྱེན་ཡེ་ཤེས་གསང་བའི་ཡུམ༔
ཡེ་ཤེས་མཁའ་འགྲོར་སྐྱབས་སུ་མཆི༔
མ་རིག་འཁོར་བར་འཁྱམས་འགྲོ་ཀུན༔
བདེ་ཆེན་སར་འགོད་སེམས་བསྐྱེད་དོ༔
ལན་གསུམ་གྱིས་རང་རྒྱུད་སྦྱངས༔
དངོས་གཞི་ལྷ་ཡི་ཏིང་འཛིན་ནི༔
ཨཱཿ རྣམ་ཀུན་མཆོག་ལྡན་དེ་བཞིན་ཉིད༔
ཀུན་སྣང་འགྲོ་ལ་སྙིང་རྗེའི་རྩལ༔
ལྷུན་གྲུབ་འོད་ལྔའི་གཞལ་ཡས་ཁང༔
མཚན་ཉིད་ཡོངས་སུ་རྫོགས་པའི་དབུས༔
ཆོས་འབྱུང་དམར་པོ་དགའ་འཁྱིལ་དང༔
སྣ་ཚོགས་པདྨ་ཟླ་གདན་དབུས༔
བྃ་ལས་རང་ཉིད་སྐད་ཅིག་གིས༔
བདེ་ཆེན་རྒྱལ་མོ་སྐུ་མདོག་དམར༔
ཞལ་གཅིག་སྤྱན་གསུམ་དབྱིངས་སུ་གཟིགས༔
ཕྱག་གཉིས་གཡས་པས་ཅང་ཏེའུ་དཀྲོལ༔
གཡོན་པས་གྲི་གུག་དཀུ་ལ་བརྟེན༔
ནུ་མ་འབུར་ཞིང་བྷ་ག་རྒྱས༔
གཅེར་བུ་རུས་པའི་རྒྱན་དང་ནི༔
ཨུཏྤལ་དམར་པོའི་དོ་ཤལ་མཛེས༔
ཞབས་གཉིས་བཞེངས་སྟབས་པད་ཟླར་བཞུགས༔
འཇའ་འོད་ལྔ་འཁྱིལ་ཀློང་དུ་གསལ༔
རིགས་བདག་པདྨ་ཐོད་ཕྲེང་རྩལ༔
ཨ་ཙཱར་གཞོན་ཚུལ་དཀར་དམར་མདངས༔
རྣལ་འབྱོར་ཧེ་རུ་ཀ་པའི་ཚུལ༔
འཇའ་འོད་ཟེར་འཁྲིགས་ལམ་མེར་གསལ༔
དེ་ལྟར་གསལ་བའི་གནས་གསུམ་ལས༔
འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས༔
ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔
སྤྱན་དྲངས་དམ་ཚིག་ཡེ་ཤེས་གཉིས༔
དབྱེར་མེད་བཛྲ་ས་མ་ཛཿ
འཛབ་དགོངས་ནི༔
རང་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔
རྡོ་རྗེ་ཕག་མོའི་ཐུགས་ཀློང་དུ༔
ཆོས་འབྱུང་དགའ་འཁྱིལ་དབུས་སུ་ནི༔་
བྃ་དམར་མཐའ་མར་སྔགས་གཡོན་འཁོར༔
དོན་གཉིས་བསྒྲུབས་ཤིང་འཁོར་འདས་ཀུན༔
དག་པ་རབ་འབྱམས་ཉིད་དུ་བཟླ༔
ཨོཾ་པདྨོ་ཡོ་གཱི་ནི་ཛྙཱ་ན་ཝཱ་ར་ཧི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔
ཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས༔ བྱེ་བ་བཟླས་པས་མཁའ་འགྲོ་འགྲུབ༔ རབ་དངོས་འབྲིང་ཉམས་རྨི་ལམ་དུ༔ རྟགས་མཚན་མ་ངེས་མྱུར་དུ་གསལ༔ ཟབ་མོ་སྐལ་ལྡན་ལས་ཅན་རྣམས༔ གསང་བར་སྦོས་ལ་ཉམས་སུ་ལོངས༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ལོག་ལྟ་ཅན་ལ་འདི་མ་འཕྲད༔ བཀའ་སྲུང་དྲེགས་པ་རྣམ་གསུམ་གྱིས༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔
སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ གུ་ཧྱ༔ བརྡ་ཐིམ༔
ཌཱཀྐིའི་རྒྱ༔ ཨྠིྀ༔
ཅེས་པའང་ཌཱ་ཀིའི་གསང་སྒྲུབ་ཟབ་མོ་འདི་ཡང་སྔགས་བཙུན་མ་ཀརྨའི་མིང་ཅན་གྱིས་དར་བཅས་བསྐུལ་ངོར། སྤྲང་མོ་འདོ་མེད་འཆོལ་པོ་དུད་འགྲོ་ལྟ་བུའི་འདུ་ཤེས་གསུམ་པ་སུ་ཁ་བཛྲ་གྱིས་བྲིས་པ་དགེའོ༎ དགེའོ༎ ཉེར་སྤྱོད་ཀྱིས་མཆོད་ལ༔ བསྟོད་པ་ནི༔ ཧཱུྃ་ཧྲཱིཿ རྒྱལ་བ་ཀུན་ཡུམ་བདེ་ཆེན་རྒྱལ༔ སོར་རྟོགས་ཡེ་ཤེས་ཆགས་བྲལ་ངོམ༔ མི་འགྱུར་བདེ་ཆེན་གསང་བའི་ལྷ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོར་བསྟོད༔ བདེ་ཆེན་ཡེ་ཤེས་མངོན་གྱུར་ནས༔ མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ ཀུན་ཀྱང་བདེ་ཆེན་ཞིང་སྤྱོད་ཤོག༔ ཅེས་པའང་སུ་ཁ་བཛྲ་གྱིས་རྫུན་རིས་སུ་བྲིས་པའོ༎ དགེའོ༎
