བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་དམ་ཐུགས་ཀྱི་ཕུར་གཅིག

English | བོད་ཡིག

༁ྂཿ ཐུགས་དམ་ཐུགས་ཀྱི་ཕུར་གཅིག་བཞུགས་སོ༔

 

རྡོ་རྗེ་ཕུར་བའི་ལྷ་ལ་ཕྱག་འཚལ་ལོ༔ ཉམས་ལེན་ཀུན་གྱི་སྙིང་པོ་ནི༔

རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔

མཚོན་ཆ་སྔོན་པོ་འབར་བ་ཡི༔

ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔

སྲོག་གི་གོ་རུ་གསལ་བ་དང༌༔

སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔

སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔

བསད་ཅིང་མནན་པ་མ་ཡིན་ཏེ༔

ཕུང་པོ་རྡོ་རྗེས་གཏམ་བྱས་ནས༔

རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྂ་ཕཊ༔

སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔

ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔

འབར་བའི་ཁྲོ་བོ་མི་བཟད་པའི༔

སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔

ཆོས་ཉིད་སྐྱེ་བ་མེད་པ་ལས༔

མ་འགགས་རྡོ་རྗེ་སྲིན་པོའི་སྐུ༔

མཐིང་ནག་ཕྱག་གཉིས་ཕུར་པ་འདྲིལ༔

འཁོར་ལོ་རྒྱས་འདེབས་ཡུམ་དང་བཅས༔

བསྐལ་པ་མེ་ལྟར་འབར་བའི་ཀློང༌༔

རང་བྱུང་ཡེ་ཤེས་སྐུ་རུ་གསལ༔

ཧཱུྂ༔ རྡོ་རྗེ་གཞོན་ནུ་རིག་འཛིན་རྣམས༔

སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག༔

སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔

ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྂ་ཧཱུྂ་ཕཊ༔

རྟག་ཏུ་བཟླས་པས་འགྲུབ་པར་འགྱུར༔

ཐུན་མཚམས་ཚོགས་གཏོར་གང་འབྱོར་བཤམས༔ འབྲུ་གསུམ་བརྗོད་ལ་བྱིན་གྱིས་བརླབས༔

རྂ་ཡྂ་ཁྂ། ཨོཾ་ཨཱཿཧཱུྂ།

ཧཱུྂ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༌༔

དབང་དང་དངོས་གྲུབ་བླང་བའི་ཕྱིར༔

ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔

ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༌༔

འདོད་ཡོན་རྒྱན་གྱི་ཚོགས་གཏོར་དང༌༔

མཆོད་པའི་ཕྱག་རྒྱ་ཆེན་པོ་བཞེས༔

རྟགས་དང་མཚན་མ་བསྟན་པ་དང༌༔

ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔

བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔

ལྷག་མའི་གཏོར་མ་འདི་བཞེས་ལ༔

སྔོན་ཚེ་ཇི་ལྟར་ཁས་བླངས་བཞིན༔

བསྒོ་བའི་བཀའ་རྣམས་འགྲུབ་པར་མཛོད༔

སརྦ་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔

གསང་བ་ཐུགས་ཀྱི་ཕུར་གཅིག་མ༔ ཟབ་པའི་མཐར་ཐུག་འདི་ཡིན་པས༔ ཕྱི་རབས་འདི་འཕྲད་སྐལ་ལྡན་རྣམས༔ དུས་ཀུན་ཉམས་སུ་བླངས་པར་མཛོད༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔

 

སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དཔའ་བོ་ལས་རབ་གླིང་པས་ཀཿཐོག་རྡོ་རྗེའི་གདན་དུ་ཤོག་སེར་བཻ་རོའི་ཕྱག་བྲིས་ལས་དག་པར་ཕབ་པའོ༔ འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་པར་གྱུར་ཅིག །

མངྒ་ལཾ།། །།

 

གཏེར་སྟོན་བསོད་རྒྱལ།

Two-armed Vajrakīlaya

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept