Udānavarga Quotations—Tibetan
༄༅། །ཆེད་དུ་བརྗོད་པའི་ཚོམས་ལས་གསུང་བཏུས།
བསགས་པ་ཀུན་གྱི་མཐའ་ཟད་ཅིང༌། །
བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །
ཕྲད་པའི་མཐའ་ན་བྲལ་བ་སྟེ། །
གསོན་པའི་མཐའ་ནི་འཆི་བར་འགྱུར། །
འཇིག་རྟེན་པ་ཡི་ཡང་དག་ལྟ། །
ཆེན་པོ་སུ་ལ་ཡོད་གྱུར་པ། །
དེ་ནི་ཚེ་རབས་སྟོང་དུ་ཡང་། །
ངན་འགྲོར་འགྲོ་བར་མི་འགྱུར་རོ། །
དགེ་བ་ཆུང་བྱས་བདག་ཉིད་ཀྱི། །
ཕྱི་བཞིན་མི་འོང་མ་སེམས་ཤིག །
ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །
བུམ་ཆེན་གང་བ་ཇི་བཞིན་དུ། །
ཅུང་ཟད་ཅུང་ཟད་བསགས་པ་ཡི། །
དགེ་བས་བརྟན་པ་གང་བར་འགྱུར། །
ཐོས་པས་ཆོས་རྣམས་རྣམ་པར་ཤེས། །
ཐོས་པས་སྡིག་ལས་ལྡོག་པར་འགྱུར། །
ཐོས་པས་དོན་མེད་སྤོང༌བར་བྱེད། །
ཐོས་པས་མྱ་ངན་འདས་པ་ཐོབ། །
སྡིག་པ་ཐམས་ཅད་མི་བྱ་སྟེ། །
དགེ་བ་ཕུན་སུམ་ཚོགས་པར་བྱ། །
རང་གི་སེམས་ནི་ཡོངས་སུ་གདུལ། །
འདི་ནི་སངས་རྒྱས་བསྟན་པ་ཡིན། །
ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ། །
ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། །