Tārā Praise—Tibetan

Deities › Tārā | Literary Genres › Praise | Collections & Cycles › Tengyur | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།ཙནྡྲ་གོ་མི།

English | བོད་ཡིག

ཙནྡྲ་གོ་མི།

Green Tārā

Further information:
Download this text:

༄༅། །འཕགས་མ་སྒྲོལ་མ་ལ་བསྟོད་པ་སྨོན་ལམ་གྲུབ་པ་ཞེས་བྱ་བ།

 

རྒྱ་གར་སྐད་དུ། ཨཱརྱ་ཏ་ར་སྟོད་ཏྲ་པྲ་ནི་དྷ་ན་ན་མ།

བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ་སྨོན་ལམ་གྲུབ་པ་ཞེས་བྱ་བ།

 

རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །

 

ཡི་གེ་ལྗང་ཀུ་ཨུཏ་པལ་ལས་བྱུང་བའི། །

སྐུ་མདོག་ལྗང་ཀུ་ཞལ་གཅིག་ཕྱག་གཉིས་མ། །

ཕྱག་གཉིས་སྐུ་ལ་རིན་ཆེན་དུ་མས་སྤྲས། །

ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

དོན་གྲུབ་ལ་སོགས་རིགས་ལྔས་དབུ་བརྒྱན་ཅིང་། །

བཅུ་དྲུག་ན་ཚོད་འཛུམ་པའི་བཞིན་དང་ལྡན། །

གཟི་བརྗིད་བཟོད་དཀའ་དགྲ་ཚོགས་རྟག་པར་འདུལ། །

ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

ཕྱག་གཡས་མཆོད་སྦྱིན་ཕྱག་གཡོན་ཨུཏ་པལ་འཛིན། །

སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་ལ། །

གཡས་བརྐྱང་གཡོན་བསྐུམ་ཚུལ་གྱིས་རབ་ཏུ་བཞུགས། །

ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རྟག་ཏུ་གཟིགས། །

སྐུ་ལ་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་འཕྲོ། །

འཁོར་བའི་སྡུག་བསྔལ་ཀུན་ནས་སྒྲོལ་མཛད་པའི། །

ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

ཞི་དང་རྒྱས་དང་དབང་དང་དྲག་པོ་དང་། །

སྣ་ཚོགས་ལས་རྣམས་མྱུར་དུ་སྒྲུབ་མཛད་ཅིང་། །

ཕྲིན་ལས་རྒྱ་མཚོ་མྱུར་དུ་བསྒྲུབ་མཛད་པའི། །

ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །

ལྕགས་སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་བརྒྱད། །

དེ་དག་ཀུན་ལས་ཡོངས་སུ་སྒྲོལ་མཛད་པའི། །

ཡི་དམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད། །

 

སྐྱེ་བ་སྔོན་བསགས་ལས་དང་ཉོན་མོངས་དང་། །

འཚམས་མེད་ལྔ་དང་མི་དགེ་བཅུ་ལ་སོགས། །

མི་བཟད་སྡིག་པའི་ལས་རྣམས་ཅི་བགྱིས་པ། །

དེ་དག་ཐམས་ཅད་མ་ལུས་བྱང་བར་ཤོག །

 

བདག་ལ་དེ་ལྟའི་སྐྱེ་བ་འདི་ལས་ཀྱང་། །

རྨི་ངན་ལྟས་ངན་དུས་མིན་འཆི་དང་དགྲ། །

བཀྲ་མི་ཤིས་པ་ཐམས་ཅད་བྱང་གྱུར་ཅིག །

ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་ཤོག །

 

བདག་ནི་མ་འོངས་སྐྱེ་བ་ཐམས་ཅད་དུ། །

ཡི་དམ་སྒྲོལ་མ་རྗེས་སུ་དྲན་གྱུར་ནས། །

མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་དང་། །

བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་འགྱུར་ཅིང་། །

ཕྲིན་ལས་མ་ལུས་ཀུན་ལ་དབང་བསྒྱུར་ཤོག །

 

ཡི་དམ་སྒྲོལ་མ་ཐུགས་རྗེ་ལྡན་པ་ལ། །

བདག་ནི་རབ་ཏུ་བརྩོན་པའི་གདུང་སེམས་ཀྱིས། །

བསྟོད་པ་བགྱིས་པའི་བསོད་ནམས་གང་བསགས་དེས། །

རྗེ་བཙུན་སྒྲོལ་མ་ཁྱེད་དང་མི་འབྲལ་ཤོག །

 

རྗེ་བཙུན་མ་སྒྲོལ་མ་ལ་བསྟོད་པ་སྨོན་ལམ་ཐམས་ཅད་རབ་ཏུ་གྲུབ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept