Tārā Windhorse—Tibetan

Practices › Lungta | Deities › Tārā | བོད་ཀྱི་བླ་མ།ཨ་ལྡེའུ་རིན་པོ་ཆེ།

English | བོད་ཡིག

ཨ་ལྡེའུ་རིན་པོ་ཆེ།

སྒྲོལ་མ།

Further information:
Download this text:

༄༅། །སྒྲོལ་མའི་ཀླུང་རྟ།

 

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་ནས་རླུང་རྟ་བསྐྱེད་པའི་འདོད་དོན་གསོལ་འདེབས་ནི།

སྒྲོལ་ཆོག་གི་མཇུག་ཐོག་གམ། སྒྲོལ་བསྟོད་གང་མང་རྗེས།

ཨོཾ། ནམ་མཁའི་རྒྱལ་མོ་འགྲོ་བ་ཀུན་སྒྲོལ་མ། །

ཀུན་ཏུ་ཁྱབ་པ་རྣམ་དག་ཀླུང་གི་ཁམས། །

འཇིག་རྟེན་ཁམས་ཀུན་བསྐྱེད་དང་འཕེལ་བྱེད་པའི། །

འཕགས་མ་སྒྲོལ་མའི་ཞབས་ལ་ཕྱག་འཚལ་ལོ། །

 

དཀར་མོ་སྟོན་ཟླ་རྒྱས་པའི་ཞལ་མངའ་མ། །

གང་དེས་མི་མཐུན་གནོད་པ་ཀུན་ཞི་ཞིང་། །

མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་མཛད་པས། །

འཇིགས་བརྒྱད་དབྱིངས་སུ་ཞི་བའི་ཀླུང་རྟ་བསྐྱེད། །

 

སེར་མོ་གསེར་མདོག་ཉི་མའི་གཟི་མངའ་མ། །

གང་དེས་རྒུད་དང་ཕོངས་པ་ཀུན་སེལ་ཞིང་། །

ཚེ་བསོད་དཔལ་འབྱོར་གྲགས་པ་རབ་འཕེལ་བས། །

ཕུན་ཚོགས་དཔལ་ཡོན་རྒྱས་པའི་ཀླུང་རྟ་བསྐྱེད། །

 

དམར་མོ་རཱ་གའི་མདངས་ལྡན་གཟི་འབར་མ། །

གང་དེས་གཞན་དབང་འགལ་རྐྱེན་ཀུན་སེལ་ཞིང་། །

རང་དབང་འཇིག་རྟེན་སྣང་བ་ཀུན་འདུ་བས། །

ཁམས་གསུམ་དབང་དུ་འདུ་བའི་ཀླུང་རྟ་བསྐྱེད། །

 

སྔོན་མོ་ཨིཎྜ་ནི་ལའི་མདངས་ལྡན་མ། །

གང་དེས་དགྲ་གདོན་གནོད་པ་ཀུན་བཟློག་ཅིང་། །

མི་མཐུན་འཇིགས་པའི་ཕྱོགས་ལས་རྣམ་རྒྱལ་བས། །

བདུད་སྡེ་ཟིལ་གྱིས་གནོན་པའི་ཀླུང་རྟ་བསྐྱེད། །

 

ལྗང་མོ་མ་ར་ཀ་ཏའི་འོད་ལྡན་མ། །

གང་དེས་མི་འདོད་ཕྱོགས་རྣམས་ཀུན་ཞི་ཞིང་། །

བཀྲ་ཤིས་དཔལ་གྱིས་དོན་ཀུན་འགྲུབ་བྱེད་པས། །

ཕྲིན་ལས་མཁའ་དང་མཉམ་པའི་ཀླུང་རྟ་བསྐྱེད། །

རྟེན་འབྲེལ་སྙིང་པོ་བརྗོད།

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝྃ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།

 

ཅེས་པའང་མགོ་ལོག་ཨ་སྐྱོང་མི་དབང་བསྟན་འཛིན་རྒྱ་མཚོས་ནན་ཆེར་བསྐུལ་མ་གནང་བའི་བཞེད་སྐོང་དང་། སྐབས་སུ་བབས་པའི་དགོས་དབང་ཁྱད་པར་ཅན་བྱུང་བར་རྟེན། འཁྲུལ་ཞིག་བརྒྱད་མིང་པས་བྲིས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept