Advice for Gema Tsultrim Drönma—Tibetan

Literary Genres › Advice | Collections & Cycles › Ḍākinī Treasury | བོད་ཀྱི་བླ་མ།ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

English | བོད་ཡིག

ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ།

Further information:
Download this text:

༄༅། །དགེ་མ་ཚུལ་ཁྲིམས་སྒྲོན་མ་ལ་གདམས་པ།

ཐུབ་དབང་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།
སྐལ་བ་ལྡན་མ་ཚུལ་ཁྲིམས་སྒྲོན་མ་ལ། །
ཐར་པའི་ལམ་དུ་འཇུག་པའི་དྲན་གསོས་ཚིག །
ཅུང་ཟད་བཤད་དོ་རྣམ་ཀུན་སེམས་ལ་ཞོག །

བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ཡི། །
སྒོར་ཞུགས་སྡོམ་པ་ཐོབ་འདི་སྐལ་བ་བཟང་། །
སྲུང་སྡོམ་ལྟར་སྣང་ཙམ་དང་ངོ་ལྐོག་ཏུ། །
མ་སོང་ལུང་གི་རྗེས་འབྲང་སྤང་བླང་རྣམས། །
ཞིབ་པར་གྱིས་དང་དལ་རྟེན་དོན་ཡོད་འགྱུར། །
ཟག་བཅས་ཟག་མེད་དགེ་བ་ཅི་བསྒྲུབས་ཀྱང་། །
རང་འདོད་ཡིད་བྱེད་བསམ་པས་ལྷད་མ་ཞུགས། །
མ་རྒན་ཐོག་དྲངས་མཁའ་ཁྱབ་སེམས་ཅན་དོན། །
ཀུན་སློང་བཟང་པོས་སེམས་བསྐྱེད་རྒྱ་མ་ཆུང་། །
གསང་སྔགས་ཉེ་ལམ་བསྐྱེད་རྫོགས་ཞེས་གྲགས་ཀྱང་། །
དེ་འདྲའི་ཟབ་མོའི་དཀའ་གནད་བློར་ཤོང་དཀའ། །
ཐེག་ཀུན་རྩེ་རྒྱལ་ཟབ་གནད་ཀུན་འདུས་པ། །
འོད་གསལ་རྫོགས་ཆེན་དབྱིངས་རིག་དབྱེར་མེད་ཁྲིད། །
ཉིན་མཚན་ཀུན་ཏུ་བརྩོན་པ་མ་ཞན་དང་། །
བསླུ་བ་མེད་པའི་ཆོས་ཡིན་ཐེ་ཚོམ་མེད། །
སྐབས་སུ་བློ་ལྡོག་རྣམ་བཞིའི་བློ་སྦྱོང་དང་། །
ཐུན་མིན་ཆོས་ཐུན་དྲུག་དང་ཁྱད་པར་དུ། །
བླ་མའི་རྣལ་འབྱོར་མོས་གུས་གོང་འཕེལ་གཅེས། །
དེ་ལས་བྱ་སྤྱོད་མ་མང་བློ་སྣ་སྟུངས། །
སྐྱབས་གནས་བསླུ་མེད་བླ་མའི་བྱིན་རླབས་ཀྱིས། །
ཚེ་འདིར་གཉུག་མའི་བཙན་ས་ཟིན་གྱུར་ཅིག །

ཅེས་པའང་འདི་ལྟར་དགོས་ཞེས་བསྐུལ་ངོར་གང་དྲན་བྲིས་པ་དགེ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept