བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་སྙིང་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་ཛཔ་དམིགས།

English | བོད་ཡིག

༄༅། །ཀློང་སྙིང་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་ཛཔ་དམིགས།

 

ཛཔ་དམིགས་ནི། ཛཔ་ཁང་དབྱེ་བ་སྔོན་དུ་འགྲོ་བས།

བདག་ཉིད་རྡོ་རྗེ་གཞོན་ནུ་ཆེའི། །

ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །

རྡོར་སེམས་སྟངས་དཔྱལ་དཀར་གསལ་འཚེར། །

ཞི་བ་ལོངས་སྤྱོད་རྫོགས་སྐུ་ཡི། །

ཐུགས་ཀར་རྡོ་རྗེ་རྩེ་ལྔ་མཐིང་། །

ལྟེ་བར་ཉི་སྟེང་ཧཱུྃ་མཐིང་ནག །

དེ་མཐར་ཀཱི་ལ་ཡ་འབྲུ་དགུ །

སྤུ་ཡིས་བྲིས་པ་ལྟ་བུས་བསྐོར། །

དེ་ལས་འོད་ཟེར་རབ་འཕྲོས་པས། །

རྒྱལ་བའི་ཞིང་ཀུན་གཡོས་ཤིང་མཆོད། །

འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད། །

དག་པའི་བརྟན་གཡོ་འབའ་ཞིག་གྱུར། །

རྒྱལ་ཀུན་གསང་གསུམ་བྱིན་རླབས་དབྱིག །

སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི། །

རྣམ་པར་བྱུང་སྟེ་རང་ལ་ཐིམ། །

བྱིན་རླབས་དངོས་གྲུབ་ཀུན་ཐོབ་གྱུར། །

ཨོཾ་ནི་དཔལ་ཆེན༴ སོགས།

ཨོཾ་ནི་དཔལ་ཆེན་ཡབ་ཡིན་ཏེ༔

བཛྲ་ཤེས་རབ་ཡུམ་ཡིན་ནོ༔

ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ༔

ལི་ནི་དབྱིངས་ཀྱི་ཁྲོ་མོ་ཡུམ༔

ཀཱི་ནི་ཐབས་ཀྱི་མཆེ་བ་ཅན༔

ལ་ནི་ཤེས་རབ་གཤོག་པ་ཅན༔

ཡ་ནི་སྲས་མཆོག་ཕུར་པ་སྟེ༔

ཧཱུྃ་ནི་ཕྱག་བརྙན་སྒོ་མ་བཞི༔

སརྦ་ཐམས་ཅད་འདུས་པ་སྟེ༔

བིག་ནི་དགྲ་དང་བགེགས་ཡིན་ཏེ༔

ནན་ནི་དགྲ་དང་བགེགས་མནན་ནོ༔

བཾ་ནི་དབང་དུ་སྡུད་པ་སྟེ༔

ཧཱུྃ་ནི་རླག་པར་བྱེད་པའོ༔

ཕཊ྄༔ཀྱིས་སྒྲོལ་བའི་ཕྲིན་ལས་མཛད༔

ཞེས་པའི་དམིགས་པ་སྲོག་ཏུ་བཟུང་ལ།

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ།

ཞེས་འབྲུ་དགུ་པ་བཟླ་བ་ནི་བསྙེན་པའོ། །

རང་རང་སྔགས་ཀྱི་ཡིག་འབྲུ་ལས། །

སྔགས་ཕྲེང་གཉིས་པ་རེ་ཆད་པ། །

ལུ་གུ་རྒྱུད་དུ་འབྲེལ་བ་བྱུང་། །

རྡོ་རྗེའི་དབུས་ར་ནས་ཐོན་ཏེ། །

ཡེ་ཤེས་སེམས་དཔའི་སྐུའི་དབྱིབས་བརྒྱུད། །

ཞལ་ནས་བྱུང་སྟེ་བདག་རྩ་བའི། །

ཤངས་བུག་གཡས་ནས་མདུན་བསྐྱེད་ཀྱི། །

ཤངས་བུག་གཡོན་ཞུགས་ཐུགས་ཀར་ཐིམ། །

སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ། །

དབང་དང་དངོས་གྲུབ་མདུན་བསྐྱེད་ལྷའི། །

ཤངས་བུག་གཡས་ནས་ཚུར་བྱུང་བ། །

རང་གི་སྣ་བུག་གཡོན་ནས་ཞུགས། །

འཁོར་བས་བདག་མདུན་རྟེན་བརྟེན་པ། །

ཤིན་ཏུ་གསལ་ཞིང་འབར་བར་བྱས། །

དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །

མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །

ཞེས་དོ་ལིའི་དམིགས་པ་གཙོ་བོར་བཟུང་ལ།

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིག་ནན་བཾ་ཧཱུྃ་ཕཊ།

ཅེས་ཡིག་འབྲུ་བཅུ་བཞི་པ་བཟླ་བ་ནི་ཉེ་བསྙེན།

ཡང་དམིགས་པ་གོང་ལྟར་གསལ་ལ།

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིག་ནན་བཾ་ཧཱུྃ་ཕཊ་ཛཿ་ཧཱུྃ་ཨཿ

ཞེས་ཡིག་འབྲུ་བཅུ་བདུན་པ་ཉིད་བསྙེན་པའི་འགྲོས་དང་སྦྱར་ནས་བཟླ་བ་ནི་སྒྲུབ་པའོ། །

སྒྲུབ་པ་ཆེན་པོ་ནི་ལུགས་འདིར་དམ་ཅན་ཉེ་བར་བསྙེན་པ་ཡིན་པས་དེ་ནི་ཕུར་པ་རྒྱུད་ལུགས་ལས་ཤེས་པར་བྱ་སྟེ་སྤྲོས་པས་ཆོག་གོ། །

 

ཞེས་པའང་པདྨའི་སྒྲུབ་གནས་བལ་ཡུལ་ཡང་ལེ་ཤོད་དུ་རང་གཞན་བདུད་བཞིའི་བར་ཆད་ལས་རྒྱལ་བའི་ཆེད་དུ་ཕུར་པ་བདུད་དཔུང་ཟིལ་གནོན་སྒོ་ནས་སྒྲུབ་ཕྲན་ཙམ་བགྱིས་སྐབས་ལས་དང་པོ་པ་རྣམས་འཇུག་པ་བདེ་ཕྱིར་ཉེ་བར་མཁོ་བ་ལ་བརྟེན་ནས་རྒྱུད་ཕུར་ལས་བྱང་ཆེ་འབྲིང་གི་དགོངས་པ་ཚིགས་བཅད་དུ་བསྡེབས་པ་པོ་ནི་རྡོ་རྗེ་ཕུར་པའི་རྣལ་འབྱོར་པ་ཁྲོ་རྒྱལ་རྡོ་རྗེ་སྟེ་འདིས་ཀྱང་དངོས་གྲུབ་རྣམ་གཉིས་འགུགས་པའི་ལྕགས་ཀྱུར་གྱུར་ཅིག། །།

 

བྱ་བྲལ་སངས་རྒྱས་རྡོ་རྗེ།

Düpung Zilnön Vajrakīlaya

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept