Light of Compassion—Tibetan

Practices › Prayers | བོད་ཀྱི་བླ་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

English | 中文 | བོད་ཡིག

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

སྒྲོལ་མ།

Further information:
Download this text:

༄༅། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་འདེབས་ཐུགས་རྗེའི་འོད་སྣང་ཞེས་བྱ་བཞུགས།

 

ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཡེ་ཤེས་དབྱིངས། །

བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕྲེང་ལས། །

བྱིན་རླབས་དངོས་གྲུབ་ཕྲིན་ལས་གློག་གར་གྱིས། །

ཕན་བདེའི་ཆར་འབེབས་མཁའ་འགྲོར་གསོལ་བ་འདེབས། །

 

ཐུབ་པའི་སྤྱན་སྔར་གངྒའི་ལྷ་མོའི་ཚུལ། །

རྒྱལ་ཀུན་གསུང་གི་རྡོ་རྗེ་དབྱངས་ཅན་མ། །

གུ་རུའི་དགྱེས་སྡེ་གསང་སྔགས་བཀའ་སྡུད་མོ། །

ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །

 

སངས་རྒྱས་ཀུན་གྱི་ཕྲིན་ལས་མྱུར༵་མ༵འི་ཚུལ། །

གདུལ་དཀའི་འགྲོ་ཀུན་སྒྲོལ་བ་དཔ༵འ་མོ༵འི་མཚན། །

སྲིད་ཞིའི་གདུང༵་སྐྱོབ༵་རྒྱལ་བ་ཀུན་ཡུམ་མ། །

རྗེ་བཙུན་འཕགས་མ་སྒྲོལ༵་མ༵ར་གསོལ་བ་འདེབས། །

 

རྣམ་ཐར་གསུམ་རྫོགས་དབྱིངས་ཡུམ་ཀུན་བཟང་མོ། །

ཡེ་ཤེས་ཀློང་ལྔ་རིགས་ཀྱི་ཡུམ་ཆེན་ལྔ། །

གནས་གསུམ་མཁའ་འགྲོའི་རྗེ་མོ་ཁྲོས་མ་ནག །

དབྱིངས་ཕྱུག་རྡོ་རྗེ་ཕག་མོར་གསོལ་བ་འདེབས། །

 

མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་གཟུགས། །

གར་གྱི་དབང་ཕྱུག་དགྱེས་མའི་ཡུམ་གྱི་ཚུལ། །

ཨོ་རྒྱན་ཌཱ་ཀིའི་གཙོ་མོར་དངོས་གྲུབ་བདག །

གསང་བ་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །

 

དངོས་གཅིག་དུ་མའི་རོལ་པའི་དྷ་ཀི་མ། །

དོན་དམ་ལྷན་ཅིག་སྐྱེས་མའི་ཡེ་ཤེས་དབྱིངས། །

འཁོར་འདས་ཀུན་ཁྱབ་མཉམ་ཡངས་བརྡལ་བ་ཆེའི། །

ངོ་བོར་འདུ་འབྲལ་མེད་པས་གསོལ་བ་འདེབས། །

 

ངེས་འབྱུང་སྐྱོ་ཤས་ལམ་གྱིས་རྒྱུད་སྦྱངས་ནས། །

དད་མོས་བཙོན་པས་བྱང་ཆུབ་སྤྱོད་པ་རྫོགས། །

ཁྱད་པར་སྨིན་གྲོལ་ཟབ་མོའི་གསེང་ལམ་གྱིས། །

ཟུང་འཇུག་བདེ་ཆེན་རྡོ་རྗེའི་གྲོང་རྩེན་ཤོག །

 

སྤྱོད་པ་གསུམ་གྱི་ཉེ་རྒྱུ་མཐར་སོན་པས། །

འབར་བ་གསུམ་གྱི་རླུང་སེམས་དབུ་མར་བཅིང་། །

འདུ་བ་གསུམ་གྱིས་དོན་གཉིས་ལྷུན་གྲུབ་ནས། །

གནས་གསུམ་མཁའ་འགྲོའི་ཚོགས་དང་སྐལ་མཉམ་ཤོག །

 

ཚེ་བས་ཀུན་ཏུ་ཡེ་ཤེས་མཁའ་འགྲོ་མས། །

རྗེས་སུ་བཟུང་སྟེ་རྡོ་རྗེ་ཐེག་མཆོག་གྱིས། །

གསང་མཛོད་འདོད་རྒུར་སྤྱོད་པ་ལྷན་སྐྱེས་ཀྱིས། །

ཡེ་ཤེས་ཐིག་ལེར་གཉིས་མེད་བྱང་ཆུབ་ཤོག །

 

ཅེས་པའང་མཁྱེན་རྟོགས་བདུད་རྩིའི་སྣང་བས་མཛེས་པའི་མཆོག་སྤྲུལ་རིན་པོ་ཆེ་ཨོཌི་ཡ་ནའི་གསང་ཡུམ་བདེ་ཆེན་ནས་གསུང་བསྐུལ་བཞིན་སྙོམས་ལས་པ་མཁྱེན་བརྩེའི་འོད་ཟེར་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་རི་ཁྲོད་ཐེག་མཆོག་ཆོས་འཕེལ་གླིང་དུ་སྙིང་ཐིག་གོང་འོག་གི་སྨིན་གྲོལ་བཏོན་པའི་སྐང་ས་བྲིས་པ་གསང་ཆེན་རྡོ་རྗེའི་མྱུར་ལམ་མཐར་སོན་པས་དངོས་གྲུབ་འདོད་རྒུའི་གསང་མཛོད་ལ་དབང་ཐོབ་པའི་རྒྱུར་གྱུར་ཅིག

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept