བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་སྙིང་དབང་བསྐུར་ཕྲེང་བ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན་ལས་དཔལ་ཆེན་འདུས་པའི་དབང་ཆོག

English | བོད་ཡིག

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན།

༈ དཔལ་ཆེན་འདུས་པའི་དབང་དོན་རྒྱ་མཚོའི་དགོངས་པ་ལེགས་པར་བཀྲལ་ནས་བཀླག་ཆོག་གི་ལེའུ་ཚན་ལྔ་པ།

 

ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔

གློ་བུར་འཁྲུལ་པས་བཅིངས་པ་དག༔

ཚོགས་བརྒྱད་སྲིད་མཚོ་ལས་བསྒྲལ་ཕྱིར༔

རང་བྱུང་དཀྱིལ་འཁོར་བསྟན་དུ་གསོལ༔

ལྷ་དང་བླ་མར་གུས་པས་བདག༔

སྲོག་ལ་བབ་ཀྱང་དམ་ཚིག་བསྲུང༔

སོར་ཐར་བྱང་སེམས་རིག་འཛིན་གྱི༔

སྡོམ་པས་བདག་རྒྱུད་དག་པར་སྩོལ༔

ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔

དག་པའི་མཆོད་པ་བཞེས་སུ་གསོལ༔

དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔

ཉེས་བྱས་མ་ལུས་བཤགས་པར་བགྱི༔

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔

མ་ཆགས་སྤྱོད་ལ་རྗེས་ཡི་རང་༔

དག་པའི་མཐའ་བཞི་དྲི་མ་མེད༔

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔

ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔

བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔

དུས་གསུམ་དུས་མེད་སྟོན་པ་ཀུན༔

རྡོ་རྗེའི་ཆོ་ག་འདི་མཁྱེན་ནས༔

གོ་འཕང་མཆོག་ལ་གཞུག་པའི་ཕྱིར༔

སྐྱབས་ཀྱི་མཆོག་ཏུ་དཀོན་མཆོག་འཛིན༔

རང་གི་ཉེས་སྤྱོད་སྡོམ་བྱེད་ཅིང༔

གཞན་གནོད་གཞི་དང་བཅས་པ་སྤོངས༔

སྨོན་དང་འཇུག་པའི་སེམས་གཉིས་བསྐྱེད༔

ཕྱིན་དྲུག་ལ་སྤྱོད་དགེ་ཆོས་སྡུད༔

རྟག་ཏུ་གཞན་ལ་ཕན་པ་སྒྲུབ༔

མ་བསྒྲལ་སྒྲོལ་ཞིང་མ་གྲོལ་དགྲོལ༔

དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༔

སེམས་ཅན་བྱང་གྲོལ་གནས་ལ་འགོད༔

ལྷ་ཡི་ཕྱག་རྒྱ་འགོང་པ་དང༔

བླ་མའི་བཞོན་པ་བརྙས་སོགས་སྤོངས༔

ལྷ་དང་ལྷ་མིན་གསང་བ་པ༔

བསྟན་པ་སྐྱོང་ལ་མཆོད་བྱེད་ཅིང༔

བྱང་ཆུབ་རྡོ་རྗེ་འབྲལ་མི་བྱ༔

མདོར་ན་དེ་ཡིས་གང་བསྒྲགས་པ༔

བྱང་ཆུབ་བར་དུ་གཅེས་པར་གཟུང༔

ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི།

ཧོ༔ སྲིད་ཞིར་མི་གནས་ཕོ་བྲང་ཆེར༔

འཇུག་པའི་སྒོ་ནི་ཚད་མེད་བཞི༔

རྣམ་པར་ཕྱེ་ལ་ཡེ་ཤེས་ཀྱི༔

དཀྱིལ་འཁོར་བདག་པོར་བདག་འཇུག་འཚལ༔

ཨོཾ་ན་མ་ཏེ་ཧཱུྃ༔

ཨོཾ་ན་མ་མེ་ཧཱུྃ༔

ཨོཾ་ན་མོ་ན་མ་ཧཱུྃ༔

ཧོ༔ སྨོན་པའི་ཡིད་ཀྱིས་རབ་བཟུང་བའི༔

འཇུག་པའི་མེ་ཏོག་ཨུ་དུམ་ཝཱར༔

ལྷག་པའི་ལྷ་ལ་དེང་འབུལ་ན༔

བྱང་ཆུབ་བར་དུ་མི་འབྲལ་ཤོག༔

པུཥྤེ་སིདྡྷི་ཧོ༔

བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ༔

ཇི་ལྟར་མཆོད་ཅིང་བསྟེན་པ་ལྟར༔

བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར༔

ནམ་མཁའི་རྡོ་རྗེ་བདག་ལ་སྩོལ༔

ཧོ༔ སྟངས་དཔྱལ་མཉམ་པར་རོལ་པ་ཡི༔

གདན་གསུམ་སྐུ་ཡི་དཀྱིལ་འཁོར་ནས༔

ཞུ་བདེས་དྲངས་པའི་བྱང་ཆུབ་སེམས༔

སྐལ་པ་ཅན་ལ་བསྩལ་དུ་གསོལ༔

ཨ་ཧོ་མ་ཧཱ་སུ་ཁ༔

ཨཱོཾ་ཨཱ་ཧཱུཾཿ

ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོདྷ་ཙིཏྟ་ཧཱུཾཿ

ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄ཿ

ཨོཾ་ཨཱཿཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་སརྦ་དུཥྚཾ་ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ

འདུལ་བ་མདོ་སྡེ་ཆོས་མངོན་ནས༔

རྣམ་བཅས་ལྷ་མོ་དགག་མཛད་པ༔

ཐབས་ལ་རྨོངས་པ་དག་ལ་དགོངས༔

ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི༔

ཁྱོད་ལས་འབྱུང་ཕྱིར་བདག་འཚལ་ལོ༔

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔

རྩ་བ་སྐུ་གསུང་ཐུགས་མཆོག་དང༔

ཡན་ལག་དམ་ཚིག་ཉི་ཤུ་ལྔ༔

མེད་དང་གཅིག་པུ་ཕྱལ་བ་ཆེ༔

ལྷུན་གྲུབ་བཞིན་དུ་སྲུང་བར་བགྱི༔

བདག་ལུས་ལོངས་སྤྱོད་ཁྱེད་ལ་འབུལ༔

ཇི་ལྟར་བཀའ་བསྩལ་བཞིན་དུ་བགྱིད༔

སྲོག་ལ་བབ་ཀྱང་དེ་བསྒྲུབ་ན༔

དངོས་གྲུབ་མཐོང་བའི་ཆོས་ལ་སྩོལ༔

བླ་མ་མཆོག་དང་ལྷག་པའི་ལྷ༔

བྱང་ཆུབ་བར་དུ་མི་འབྲལ་ན༔

ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ༔

 

ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ༔

ཨོཾ་ཧུ་ལུ་ཧུ་ལུ་ཕཊ྄ཿཨེ་ཨ་ར་ལི་ཧཱུྃ་ཧྲཱིཿཛཿ

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔

ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

དཔལ་ཆེན་འདུས་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept