བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་སྙིང་དབང་བསྐུར་ཕྲེང་བ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན་ལས་ཞི་ཁྲོ་ངན་སོང་སྦྱོང་བའི་དབང་ཆོག

English | བོད་ཡིག

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན།

༈ ཞི་ཁྲོ་ངན་སོང་སྦྱོང་བའི་དབང་བསྐུར་གྱི་ལེའུ་ཚན་དང་པོ།

 

ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །

རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །

དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང༌། །

སོ་ཐར་བྱང་སེམས་སྔགས་སྡོམ་རྣམས། །

མགོན་པོས་བདག་ལ་གནང་དུ་གསོལ།

སྐྱེས་བུ་གསུམ་གྱི་བློ་རྩལ་རྣམས། །

གོང་ནས་གོང་དུ་སྤར་བའི་བློས། །

ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །

འདི་བཟུང་བླ་མེད་བྱང་ཆུབ་བར། །

གུས་པ་ཡིས་ནི་སྐྱབས་སུ་མཆི། །

བླ་མ་ཀུན་བཟང་སྤྱན་སྔ་རུ། །

ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །

གནོད་པའི་ལས་ལྡོག་དགེ་བ་སྒྲུབ། །

དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །

སོ་སོར་ཐར་པའི་སྡོམ་པ་ལ། །

བདག་ནི་རྒྱུན་དུ་གནས་ཤིང་བསྲུང༌། །

ཧོཿ བླ་མ་ཀུན་བཟང་དགོངས་སུ་གསོལ། །

འདི་བཟུང་བྱང་ཆུབ་མ་ཐོབ་བར། །

འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །

མ་དང་བུ་ཡི་འདུ་ཤེས་ཀྱིས། །

མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །

མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །

སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །

སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༌། །

སྡོམ་པ་ལ་ནི་གནས་པ་ལྟར། །

འདི་བཟུང་འཁོར་བ་མ་སྟོང་བར། །

བླ་མེད་འཇུག་པའི་བྱང་ཆུབ་སེམས། །

ཕ་རོལ་ཕྱིན་དྲུག་སློབ་ཅིང་སྒྲུབ། །

ཀུན་དོན་ཚུལ་ཁྲིམས་གསུམ་གྱི་དངོས། །

ཐ་མལ་སྣང་ཞེན་ཉེས་སྤྱོད་སྡོམ། །

བསྐྱེད་རྫོགས་ཟབ་མོའི་དགེ་ཆོས་སྡུད། །

རྣམ་བཞིའི་ཕྲིན་ལས་གཞན་ཕན་སྤྱོད། །

སྔགས་ཀྱི་ཆོ་གས་སྡོམ་པར་བགྱི། །

བཛྲ་ཧ་ས་ཧ།

ཀྱཻ། ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །

མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །

བདག་ཅག་འཁོར་བ་ལས་གྲོལ་ཕྱིར། །

ཁྱེད་ཀྱིས་གནང་སྟེ་བཏང་དུ་གསོལ།

བླ་མ་རྡོ་རྗེ་འཛིན་པ་དང༌། །

དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི། །

སྐྱོབ་པ་གཞན་ན་མ་མཆིས་པས། །

སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །

ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །

རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །

འདི་བཟུང་བྱང་ཆུབ་མ་ཐོབ་བར། །

སོགས་ནས།

འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །

མ་དང་བུ་ཡི་འདུ་ཤེས་ཀྱིས། །

མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །

མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །

སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །

སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༌། །

སྡོམ་པ་ལ་ནི་གནས་པ་ལྟར། །

འདི་བཟུང་འཁོར་བ་མ་སྟོང་བར། །

བླ་མེད་འཇུག་པའི་བྱང་ཆུབ་སེམས། །

ཕ་རོལ་ཕྱིན་དྲུག་སློབ་ཅིང་སྒྲུབ། །

ཀུན་དོན་ཚུལ་ཁྲིམས་གསུམ་གྱི་དངོས། །

ཐ་མལ་སྣང་ཞེན་ཉེས་སྤྱོད་སྡོམ། །

བསྐྱེད་རྫོགས་ཟབ་མོའི་དགེ་ཆོས་སྡུད། །

རྣམ་བཞིའི་ཕྲིན་ལས་གཞན་ཕན་སྤྱོད། །

སྔགས་ཀྱི་ཆོ་གས་བསྡམ་པར་བགྱི།

ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི།

སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། །

རྒྱལ་སྲས་སངས་རྒྱས་ཐམས་ཅད་དང༌། །

དཔའ་བོ་རྣལ་འབྱོར་མ་རྣམས་བསྙེན། །

རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །

རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། །

བྱང་ཆུབ་སེམས་ནི་སྤང་མི་བྱ། །

རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །

སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།

པདྨ་རིགས་ཀྱི་དམ་ཚིག་ཏུ། །

ཐེག་པ་གསུམ་དང་ཆོས་རྣམས་བཤད། །

ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །

འགྲོ་བའི་དོན་ལ་བརྩོན་པར་བྱ། །

ལྷ་ཡི་ཕྱག་རྒྱ་བླ་མའི་སྟན། །

བཞོན་པ་ལ་སོགས་མི་སྨད་ཅིང༌། །

བསྟན་པ་སྐྱོང་རྣམས་བརྙས་མི་བྱ། །

བླ་མ་སངས་རྒྱས་དྲན་བྱེད་ཅིང༌། །

བརྟན་གཡོ་ལྷ་དང་མཉམ་པར་སྦྱོར། །

མདོར་ན་རྒྱལ་བས་གང་བསྒྲགས་པ། །

དེ་དག་ཐམས་ཅད་བདག་གིས་བཟུང༌། །

ཀྱཻ། རིགས་ལྔ་བདེ་བར་གཤེགས་པ་དང༌། །

བླ་མ་ཡི་དམ་མཁའ་འགྲོ་དགོངས། །

སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །

སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ།

ཨོཾ་ན་མ་ཏེ་ཧཱུྃ།

ཨོཾ་ན་མ་མེ་ཧཱུྃ།

ཨོཾ་ན་མོ་ན་མ་ཧཱུྃ།

ཀྱཻ། བདེ་གཤེགས་རིགས་ལྔའི་ཕོ་བྲང་འདིར། །

འབྲེལ་བའི་མེ་ཏོག་འདི་དོར་བས། །

ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག །

ཨོཾ་པུཥྤེ་སིདྡྷི་ཧཱུྃ།

ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར། །

དགོངས་ཤིང་ཇི་ལྟར་དབང་བསྐུར་ལྟར། །

མཆོད་པ་ཆེན་པོ་བརྡ་ཡི་དབང༌། །

རིག་པ་འཛིན་པ་བདག་ལ་སྩོལ།

ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ

ལན་གསུམ། ཁྲོ་བོར་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་མཛོད།

ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ།

ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པཱ་རི་ཤྭ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱག་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི། སརྦ་པཱ་པཾ་བི་ཤྭ་དྷ་ནི་སྭཱ་ཧཱ།

ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། ས་མ་ཡ་སཏྭ་ཨཱ་ཧཱུྃ་ཕཊ།

རྩ་བ་སྐུ་གསུང་ཐུགས་མཆོག་དང༌། །

ཡན་ལག་དམ་ཚིག་ཉི་ཤུ་ལྔ། །

མེད་དང་གཅིག་པུ་ཕྱལ་བ་སོགས། །

ཆོ་ག་བཞིན་དུ་སྲུང་བར་བགྱི། །

གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །

དེ་དག་ཐམས་ཅད་བདག་གིས་བགྱི། །

ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །

སློབ་མར་བཟུང་ནས་སྤྱད་དུ་གསོལ། །

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

The Peaceful Deities

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept