རྗེ་བཙུན་འཕགས་མ་སྒྲོལ་མ་ལ་དོན་བསྟོད་བྱིན་རླབས་ཆར་རྒྱུན༔
༁ྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་དོན་བསྟོད་བྱིན་རླབས་ཆར་རྒྱུན་བཞུགས༔
ཨོཾ་སྐྱེ་བ་མེད་པའི་མཁའ་དབྱིངས་སུ༔
ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས༔
མ་སེམས་ཅན་ཀུན་ལ་བདེ་སྟེར་མ༔
བུ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས༔
ཏཱ་ཐུགས་རྗེ་ཡེ་ཤེས་སྒྲོལ་མ་ཡིས༔
ལས་ཉོན་མོངས་མ་རིག་མུན་འཐིབས་པའི༔
ཡོངས་འགྲོ་བ་མ་རིག་མུན་པའི་སྨག༔
ཀུན་སེལ་མཛད་མ་ལ་ཕྱག་འཚལ་བསྟོད༔
རེ་ཚད་མེད་ཐུགས་རྗེའི་གདུང་ཤུགས་ཀྱིས༔
ཁོང་རིག་དྲུག་སེམས་ཅན་ཐམས་ཅད་དང་༔
བདག་མོས་པའི་བུ་ཡི་དོན་ལ་དགོངས༔
མ་གློག་ལྟར་མྱུར་ལ་ཕྱག་འཚལ་བསྟོད༔
ཏཱཾ་རང་ལས་སྤྲུལ་པའི་ཉི་ཤུའི་འཁོར༔
ཚུལ་ཞི་རྒྱས་དབང་དང་དྲག་པོ་ཡིས༔
བདག་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔
མ་རྟག་ཏུ་སྐྱོབ་ལ་ཕྱག་འཚལ་བསྟོད༔
སྭ་མི་འགྱུར་ཚེ་བསོད་ནམས་སྟོབས༔
རིགས་དབང་ཐང་བུ་དང་ལོངས་སྤྱོད་ནོར༔
མི་བདག་དང་བསྲུང་བྱར་གྱུར་ཀུན་ལ༔
མ་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད༔
ཧཱ་རྟོགས་པར་དཀའ་བ་རིག་པའི་གཤིས༔
ཡུལ་འཁྲུལ་སྣང་དྲག་པོས་མ་བསླུས་ཤིང་༔
དོན་ལྟ་སྒོམ་སྤྱོད་པའི་སྒྲོག་ལས་གྲོལ༔
མ་རང་ངོ་འཕྲོད་ལ་ཕྱག་འཚལ་བསྟོད༔
ཡུམ་རྗེ་བཙུན་ཨཱ་རྱ་ཏཱ་རེ་མ༔
རྩལ་ཐུགས་རྗེའི་སྤྲུལ་སྒྱུར་ཉི་ཤུའི་འཁོར༔
དུས་རྟག་ཏུ་ཐུགས་རྗེས་གཡེལ་མེད་སྐྱོངས༔
མ་ནམ་ཞིག་འདྲེན་པ་ཕྱག་འཚལ་བསྟོད༔
དཔལ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཡུམ༔
མ་ཁྱོད་ལ་ཆ་ཙམ་བསྟོད་པ་ཡིས༔
བུ་བདག་དང་འབྲེལ་བས་བསྡུས་པ་ཀུན༔
ཞིང་བདེ་བ་ཅན་དང་པོ་ཊ་ལ༔
གནས་གཡུལ་ལ་བཀོད་པར་བརྫུས་ཏེ་སྐྱེས༔
མཆོག་མངོན་པར་རྫོགས་པར་སངས་རྒྱས་ནས༔
མ་ཁྱོད་དང་འགྲོ་དོན་མཉམ་པར་ཤོག༔
ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔
རྗེ་བཙུན་འཕགས་མ་སྒྲོལ་མ་ལ༔
དོན་བསྟོད་བྱིན་རླབས་མྱུར་འགྲུབ་འདི༔
ཌཱ་ཀི་མ་ཡིས་ཡང་ཡང་བསྐུལ༔
རྟ་ལོ་རྟ་ཟླའི་ཡར་ཚེས་ལ༔
འོད་གསལ་ཉམས་ཀྱི་སྣང་བའི་ངོར༔
ཏཱ་རེ་ལྷ་མོའི་ཞལ་གཟིགས་ཚེ༔
ཁྲག་འཐུང་བདེ་བའི་རྡོ་རྗེས་བཀོད༔
ཡི་གེ་རིག་པའི་ཡེ་ཤེས་ཀྱིས༔
བཀོད་པས་བྱིན་རླབས་ཤིན་ཏུ་ཆེ༔
དགོངས་གཏེར་ཐུགས་ཐིག་ཆ་ལག་གོ༔
དགེའོ༔
