དད་ལྡན་སློབ་མ་འགྱུར་མེད་རྡོ་རྗེའི་ངོར་གདམས་པ།
༄༅། །དད་ལྡན་སློབ་མ་འགྱུར་མེད་རྡོ་རྗེའི་ངོར་གདམས་པ།
དྲི་མེད་མཁྱེན་པའི་ཆུ་གཏེར་ལས། །བསྙན་བརྒྱུད་བསྟན་པའི་ཆུ་ཀླུང་འབེབས། །ཐེག་མཆོག་རྡོ་རྗེའི་ཆུ་དབང་ཆེ། །མཁྱེན་བརྩེའི་འོད་ཟེར་ཞབས་ལ་འདུད། །འདིར་ངེས་གསང་རྫོགས་པ་ཆེན་པོའིལྟ་སྒོམ་གྱི་གནད་སྙིང་པོར་དྲིལ་བ་དྲན་པ་དྲུག་གི་རྣམ་བཞག་ཏུ་བསྡུས་ཏེ་འཆད་པ་ལ། སྤྱི་སྡོམ་དང་བྱེ་བྲག་བཤད་པ་གཉིས་ལས། དང་པོ་ནི། ཀུན་མཁྱེན་བླ་མས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པའི་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་འགྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངེས། །ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། །ཞེས་སོ། །
གཉིས་པ་ལ། འདུ་བྱེད་ཀྱི་དྲན་པ། ཆོས་ཉིད་ཀྱི་དྲན་པ། རྗེས་སྣང་གི་དྲན་པ། མངོན་སུམ་གྱི་དྲན་པ། སྤྱོད་ཡུལ་གྱི་དྲན་པ། ཆོས་ཟད་ཀྱི་དྲན་པ་སྟེ་དྲུག་ལས། དང་པོ་ནི། སློབ་དཔོན་ཆེན་པོ་བི་མ་ལས། གྲོལ་ལུགས་རྣམ་པ་གསུམ་བཤད་པའི། དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་གསུངས་པའི་དོན་དང་གཅིག་པ་སྟེ། འདི་ལ་སྤྱིར་སྔགས་བླ་མེད་ཀྱི་བསྐྱེད་རིམ་སྔོན་སོང་ཡིན་ན། དེ་ལས་ལོགས་སུ་ཞི་གནས་སྒྲུབ་མི་དགོས་མོད་དེ། འོན་ཀྱང་རྣམ་པ་ཀུན་ཏུ་བསྐྱེད་རིམ་ལ་མ་བརྟེན་པར་རྫོགས་རིམ་སྒོམ་ཚུལ་གཏན་ནས་མེད་པ་མིན་ཏེ། ཀ་དག་གི་རིག་པ་རྗེན་དེད་འབའ་ཞིག་པས་ཀྱང་འོད་གསལ་མངོན་དུ་འགྱུར་བར་ཐེག་པའི་རྒྱལ་པོ་འདིའི་ལུགས་ལ་གྲགས་པའི་ཕྱིར་རོ། །དེའང་དང་པོ་རྣམ་རྟོག་གི་རྒྱུ་བ་ཧ་ཅང་རགས་ཆེས་པས་ཏིང་འཛིན་ལ་བློ་ལས་སུ་མི་རུང་བའི་རིགས་ཁ་ཅིག །སེམས་དང་རིག་པའི་ལ་ཤན་ཉམས་མྱོང་གི་སྟེང་ནས་མྱུར་བར་མི་ཕྱེད་དེ། སེམས་དང་རིག་པའི་དྭངས་ཆ་མཐར་གཏུག་ན་རིག་པ་ཡིན་ལ། དེ་རྗེན་ལ་འབྱིན་པ་སེམས་རྙོགས་པ་ཅན་ལ་ཤིན་ཏུ་དཀའ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་ཐོག་མར་རིག་ངོ་བསྐྱང་བའི་སྔ་ལོགས་སུ་སེམས་ངོ་ལ་བལྟ་བ་འདི་གནད་ཆེ་བས། གནས་འགྱུ་རིག་གསུམ་ལ་ཤན་ཕྱེས་ཏེ། འགྱུ་བ་ཞེས་པ་བཟང་ངན་གྱི་རྟོག་པ་ཕྲ་རགས་གང་ཡང་རུང་སྟེ་འཕྲོ་བའི་ཆར་གཏོགས་རྣམས་ཡིན། གནས་པ་ཞེས་པ་སེམས་ས་ལེ་ཧྲིག་གེ་བའི་ངོ་བོ་ལ་བྱིང་རྒོད་མ་ཞུགས་པ་དེ་ཡིན། རིག་པ་ཞེས་བྱ་བ་གནས་པའི་རྒྱུན་སྐྱོང་བ་ན་འགྱུ་བའི་གཞན་དབང་བཙན་ནམ་མི་བཙན་རྟོག་བྱེད་ཀྱི་ཤེས་རིག་དེ་ཡིན། ལར་ཤེས་པ་སྤྲོ་བའི་དུས་སུ་བསྡུས་ཏེ་འགྲོ་བ་དང་། རྟོག་པ་བསྡུས་ན་འཕྲོ་རྒོད་དུ་འགྲོ་བ་གཉིས་ཀ་སྤྱིར་བཏང་དུ་ཏིང་འཛིན་གྱི་གེགས་ཡིན་པས། འགྱུ་བ་བཟང་ངན་ཐམས་ཅད་གནས་པའི་ངང་གཅིག་ཏུ་ལྷོད་དེ་འཇོག་པ་ཞིག་དགོས་རྒྱུ་ཡིན། དེའང་བྱིང་བའི་དུས་སུ་སེམས་ཀྱི་གསལ་ཆ་བགྲུངས་པ་དང་། རྒོད་པའི་དུས་སུ་སེམས་ཁོ་རང་གི་ངོ་བོ་ལ་ཅེར་གྱིས་བལྟ་བ་སོགས་གེགས་སེལ་གྱི་མན་ངག་ནི་ཤིན་ཏུ་གལ་ཆེ་སྟེ། གཞན་དུ་ན་བྱིང་བ་ཕྲ་མོ་བསགས་དྲགས་པས་ཀྱང་ཞི་གནས་དང་འཁྲུལ་ཚབས་ཆེས་ཆེ་བ་ཞིག་འོང་བའི་ཕྱིར་རོ། །མདོར་ན་སེམས་དམིགས་ལས་སུ་རུང་བའི་ཤིན་སྦྱངས་དང་འབྲེལ་བ་ཡང་དག་པའི་ཏིང་ངེ་འཛིན་ནི་ལེ་ལོ་དང་བྱིང་རྒོད་སོགས་བསམ་གཏན་གྱི་ཉེས་པས་མ་བསླད་པའི་ཤེས་རིག་གི་རང་ཚུགས་མ་ཤོར་བ་ཉིད་ཀྱིས་ཕྱེ་ཞིང་། དེའང་སྐྱོང་ཚུལ་གྱི་གཙོ་བོ་སེམས་ཁོ་རང་གི་ངོ་བོ་མ་བརྗེད་པའི་ངང་ལ་གནས་པ་འདི་ཡིན་ལ་དེ་འདྲའི་སྐྱོང་ལུགས་ནི་དྲན་པ་འབའ་ཞིག་གཙོ་ཆེ་བའི་སྒོ་ནས་འཇོག་དགོས་ཏེ། སེམས་ངོ་བོ་མི་བརྗེད་པ་ནི་དྲན་པའི་ར་བ་ལས་འདའ་བ་མེད་པའི་ཕྱིར་རོ། །དེ་ལ་འདུ་བྱེད་ཀྱི་ཐ་སྙད་སྦྱར་བ་ནི། དེ་སྒོམ་པ་ན་ཏིང་ངེ་འཛིན་ལ་རྩོལ་བ་མ་ཉམས་པ་ཁོ་ན་ཞིག་སྙིང་པོར་འདུག་པའི་ཕྱིར་རོ། །དེ་ལྟར་ན་འདུ་བྱེད་ཀྱི་དྲན་པ་ཞེས་བྱའོ། །
གཉིས་པ་ནི། འདུ་བྱེད་ཀྱི་དྲན་པས་བློ་ལས་སུ་རུང་བར་གྱུར་པ་ན་རང་བཞིན་རྫོགས་པ་གས་པ་ཆེན་པོའི་ལམ་གྱིས་གྲོལ་ལུགས་གཉིས་པ་བརྟེན་ནས་རྣམ་རྟོག་སྦྲུལ་གྱི་མདུད་པ་ཞིག་པ་ལྟ་བུའི་མན་ངག་ལ་སེམས་ལས་འདས་པའི་རིག་པ་ལམ་དུ་བྱ་སྟེ། དེ་ལ་ནི་རྟོག་གེས་དཔྱད་ར་དང་སྟོང་ཉིད་ཀྱི་དཔྱད་སྒོམ་རྐྱང་པ་ཙམ་ཞིག་གིས་མི་ཆོག་པས། སངས་རྒྱས་སྒྲུབ་པའི་ལམ་མྱུར་བའི་ནང་ནས་མཐར་ཐུག་པ་ཞིག་ཡོད་པ་དེ་ཉིད་ཁོ་ན་ལ་ཆིག་སྒྲིལ་བྱ་བ་ཡིན་ནོ། ། དེའང་མཉམ་པར་འཇོག་པར་འཇོག་ས་ཤ་སེལ་རུས་སེལ་ཞིག་ལ་སྟོང་ཉིད་ལས་ལྷག་པ་མེད་མོད་ཀྱི། འཇོག་བྱེད་ཀྱི་ཐབས་ལ་ནི་རྡོ་རྗེ་ཐེག་པ་བླ་མེད་ཤིན་ཏུ་འཕགས་ཏེ། རྒྱུད་ལས། གང་ཕྱིར་དམ་པའི་བདེ་བས་ཁྱོད། །ཚེ་འདི་ཉིད་ལ་རབ་འགྲུབ་འགྱུར། ཞེས་གསུངས་པ་ལྟར་རང་བཞིན་ལྷན་ཅིག་སྐྱེས་པ་ཡེ་གྲོལ་ཐོག་མའི་མགོན་པོ་ཉིད་མངོན་དུ་བྱས་པ་ལ་བརྟེན་ནས་སྐད་ཅིག་རེ་རེས་ཀྱང་བསྐལ་པ་མང་པོའི་ཚོགས་ཀྱི་དོད་ཐུབ་ཡོང་བས། སྤྱིར་སྔགས་བླ་མེད་ཀྱི་རིམ་པ་གཉིས་པ་ནས་ཡོངས་སུ་གྲགས་པའི་མཆོག་ཏུ་འགྱུར་མེད་ཀྱི་ཡེ་ཤེས་ཉིད་ཟབ་མོའི་ཕྱོགས་ཐུན་མོང་མ་ཡིན་པ་དང་། དེ་མངོན་དུ་བྱ་ལུགས་ཀྱང་དང་པོ་བླ་མེད་ཀྱི་སྔགས་ལམ་དུ་ཞུགས་ནས་རིག་པ་རྗེན་འདེད་འབའ་ཞིག་ཏུ་གཏོང་བའི་ཉམས་ལེན་བསྟན་བྱའི་གཙོ་བོར་མཛད་པ་ནི་རྫོགས་པ་ཆེན་པོའི་གཞུང་གི་ཚོགས་ཁོ་ནར་ཟད་པའི་ཕྱིར་ལམ་གྱི་གནད་ཤེས་ནས་མྱོང་བ་འདོན་དགོས་སོ། །འདོན་ལུགས་དངོས་ནི། སྔར་བླ་མས་ངོ་སྤྲད་པའི་རིག་པ་དེ་ཉིད་ཉམས་ལེན་གྱི་དངོས་གཞིར་བཞག་སྟེ་དེ་ཀའི་ངང་ལ་བཟོ་བཅོས་མེད་པར་ཕྱམ་གྱིས་བཞག་པས་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་པ་ཙམ་དང་པོ་ནས་མ་བྱུང་རུང་། དེ་དག་ཐམས་ཅད་རྩིས་མེད་དུ་སོང་ནས་ནད་ཆེན་པོས་གཟིར་བའི་མི་ལ་ཟ་འོག་གི་ལྟད་མོ་ཇི་ལྟར་བསྟན་ཡང་བློའི་འཛིན་སྟངས་སྡུག་བསྔལ་གྱིས་ནོན་པའི་ཕྱིར་དེ་ལ་བལྟ་རྟོག་མི་གཏོང་བ་བཞིན་དུ། བློའི་འཛིན་སྟངས་འོད་གསལ་གྱི་རྣམ་པས་འཕྲོག་པ་དུང་དུང་བ་ཞིག་ཡོང་རྒྱུ་ཡིན། དེའང་རིག་པ་རྒྱུན་སྐྱོང་ཟེར་བ་བླ་མའི་ངོ་སྤྲོད་པའི་ཡེ་ཤེས་དེ་ངའོ་སྙམ་པ་དང་སྔར་གྱི་ངོ་སྤྲོད་བཏབ་ལུགས། བསམ་མནོ་བཏང་བ་ལྟ་བུ་ཞིག་མིན་གྱི་ཀུན་རྟོག་བརྒྱད་ཅུ་ལས་རླུང་བག་ཆགས་དང་བཅས་པའི་མཐར་ཐུག་གི་ཡལ་ས་ངོས་བཟུང་ནས་དེའི་རྣམ་པ་མ་བརྗེད་ཙམ་དུ་བསྡད་ན་ཁྲེགས་ཆོད་ཀྱི་སྒོམ་ཐམས་ཅད་ཀྱི་སྙིང་རྡོ་དེ་ཀ་རང་ཡིན། དེ་ལྟར་རིག་ངོ་མ་བརྗེད་པའི་དྲན་པ་ལ་ཆོས་ཉིད་ཀྱི་དྲན་པ་ཟེར་བའི་གནད་ནི། སྤྱིར་རྒྱུད་སྡེ་མང་པོ་ནས་འོད་གསལ་དོན་དམ་བདེན་པའི་ཐ་སྙད་སྦྱར་བ་ཆེས་མང་ཞིང་དེའི་དོན་ཡང་། དོན་གྱི་འོད་གསལ་མ་མཐོང་བར་རིག་སྟོང་ཁ་སྦྱར་དཔྱིས་ཕྱིན་པ་ཞིག་མི་འོང་ཡང་། ཁོ་རང་གི་ངོ་བོ་ཡེ་ནས་འདིར་སྟོང་གསལ་བརྗོད་དུ་མེད་པའི་རྣམ་པ་ཅན་ཡིན་པ་ལྟར། ཡང་རྒྱུ་མཚན་དེ་ཉིད་ཀྱི་སྒོ་ནས་ཆོས་ཉིད་དུ་བཏགས་པའི་ཁྱད་པར་སྟོང་ཉིད་བཅུ་དྲུག་སོགས་ཕྱེ་བའི་རྣམ་པའང་སྟོང་གཞིའི་སྟེང་ནས་ཡིན་པ་ལྟར། འདིར་ཡང་སྟོང་ལུགས་དབུ་མའི་གཞུང་ནས་བཤད་ཚུལ་དང་ཁྱད་མེད་མོད་ཀྱི། སྟོང་གཞི་རིག་པ་ཡིན་པའི་སྒོ་ནས་དེའི་སྟོང་ཉིད་ཀྱང་ཁྱད་པར་བ་ཞིག་འཇོག་རྒྱུ་ཡོད་དེ། སེམས་ཅན་དང་སངས་རྒྱས་འཕགས་པ་གཉིས་ཀྱི་སྟོང་ཉིད་ལ་སྟོང་ལུགས་འདྲ་ཡང་སྟོང་གཞི་མི་འདྲ་བའི་སྟེང་ནས་ངོ་བོ་ཉིད་སྐུ་ཡིན་མིན་གཉིས་འོང་བ་བཞིན་ནོ། །དེ་ཕྱིར་དེ་འདྲའི་འོད་གསལ་གྱིས་སེམས་སྟོང་གཞིར་བྱས་པའི་ཆོས་ཉིད་ཀྱི་ངང་མ་བརྗེད་པའི་དྲན་པ་ཡིན་པའི་ཕྱིར་བརྡ་ཆད་དེ་ལྟར་མཛད་དོ། །
གསུམ་པ་ནི། མཉམ་བཞག་ཏུ་རིག་ངོ་དེ་ལྟར་སྐྱོང་བར་མ་ཟད་རྗེས་ཐོབ་ཏུའང་ཡུལ་དྲུག་ཤེས་དབང་དང་བཅས་པ་སྤྲོས་པའི་མཐའ་ཀ་ནས་དག་པ་འོད་གསལ་གྱི་སེམས་སམ་ཀུན་ཏུ་བཟང་པོ་གཞི་གྲོལ་གཉུག་མའི་སྐུ་ལས་མ་གཡོས་བཞིན་དུ་རིག་པའི་རྩལ་དེ་ལྟར་ཤར་བ་ལ་ངེས་པ་དྲངས་ཏེ་ལྷུན་གྲུབ་ཀྱི་གདངས་དག་པ་རབ་འབྱམས་ཀྱི་ལམ་ཁྱེར་ལ་སྒྲིལ་ལུགས་ཀུན་མཁྱེན་བླ་མ་གཉིས་པའི་སྒོམ་ཕྱོགས་དྲིས་ལན་སྐོར་དུ་གསལ་བ་བཞིན་ཉམས་སུ་བླང་། འདིར་ཡང་སྤྱིར་ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་གིས། རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཆོས་ཐམས་ཅད་རིག་པ་རྗེན་པར་རྟོགས། །ཞེས་གསུངས་པ་ལྟར་གནད་གོ་ན་རྫོགས་ཆེན་ཁྲེགས་ཆོད་ཀྱི་ལམ་ཕལ་མོ་ཆེ་སྣང་ཤེས་གཞི་གྲོལ་གྱི་གོ་དོན་ལ་ཐུག་པ་ཡིན་ཏེ། འཇིག་རྟེན་ན་བརྟན་པ་དང་གཡོ་བའི་སྣང་ཆ་ཐམས་ཅད་ལས་ལས་བྱུང་ཞིང་ལས་ཀྱི་རྩ་བ་སེམས་ཡིན་ལུགས་ནི་ཁམས་གསུམ་ན་སེམས་གཙོ་བོར་ཟླ་བའི་ཞབས་ཀྱིས་འཇུག་འགྲེལ་དུ་སྒྲུབ་ཅིང་། འདིར་ནི་དེ་ཙམ་གཞིར་བཞག་ཏུ་མ་ཟད་ཁམས་གསུམ་ན་གཙོ་བོར་གྱུར་པའི་སེམས་དེའང་རླུང་གི་བཞོན་པ་ཅན་དང་། རླུང་ཐམས་ཅད་ཀྱི་སྐྱེད་སྡུད་བྱ་བ་མཐར་ཐུག་དུར་ཁྲོད་ཕུང་པོའི་བར། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་གཟུང་འཛིན་རྩལ་དུ་ཤར། །ཞེས་སེམས་ཀྱི་བདག་པོའམ་བསྐྱེད་གཞིའི་མཐར་ཐུག་འོད་གསལ་གྱི་ཡེ་ཤེས་ཡིན་པར་གསུངས་པ་ལྟར། རིག་པ་ཉིད་ལ་ཐུག་ལུགས་ཀྱི་གོ་བ་ཞིབ་ཏུ་སྦྱར་བ་ན། དེང་སང་གི་བླུན་སྒོམ་མ་རྟོགས་རྟོགས་བརྫུའི་རིགས་ཕལ་ཆེར་རིག་པའི་རྩལ་ཞེས་པའི་གོ་དོན་མཐར་ཐུག་རྣམ་རྟོག་ལ་ཕོ་གྲི་མོ་མདུང་གིས་ངན་སྐྱེལ་མི་བྱེད་ཙམ་ལས་ཅི་ཡང་མེད་པར་གྲུབ་མཐའ་འཆའ་བ་རྣམས་ཀྱི་རྫུན་རྐུབ་རྡོལ་བ་ཡིན། དེ་ལྟར་རྗེས་སྣང་གི་སྤྱོད་ཡུལ་ཐམས་ཅད་རིག་རྩལ་སྒྱུ་མའི་རྣལ་འབྱོར་དུ་ཁྱེར་བ་ནི། དེའི་ཚུགས་མི་འཆོར་བའི་ཁྱབ་གདལ་གྱི་དྲན་པའི་ངང་བསྐྱང་ན་སླར་དེ་ཉིད་ལ་བརྟེན་ཏེ་མཉམ་བཞག་གི་རིག་པ་འདྲེན་ནུས་ཚུལ་ནི་རྒྱུད་སྡེ་འདིར་མ་ཟད་རྣལ་འབྱོར་ཆེན་པོའི་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་ཤིན་ཏུ་གསལ་བར་བཤད་དོ། །
བཞི་པ་ནི། གྲོལ་ལུགས་གསུམ་གྱི་རྣམ་བཞག་ཀྱང་རྫོགས་ཆེན་སྒོམ་པའི་དུས་ལ་ལྟོས་ནས་ཡིན་གྱིས། རྟོགས་པའི་དུས་ཀྱི་དབང་དུ་བཤད་པ་མིན་ནོ། ། །དེའི་རྒྱུ་མཚན་རྫོགས་པ་ཆེན་པོའི་བསམ་གྱིས་མི་ཁྱབ་པའི་རིག་པ་ནི་ཀུན་རྟོག་གི་མཚན་མ་མ་ཟད་སྣང་བ་གསུམ་གྱི་སེམས་ལས་ཀྱང་རྣམ་པར་གྲོལ་བའི་འོད་གསལ་ཡིན་པར་ཐེག་པའི་རྒྱལ་པོ་འདིའི་དོན་གྱི་ཤིང་རྟ་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞབས་ཀྱང་བཤད་དེ། སྐུ་གསུམ་ཞིང་སྦྱོང་དུ་སྣང་གསུམ་འཆར་ལུགས་བཤད་ནས། མཐར་དོན་གྱི་འོད་གསལ་གྱི་རྣམ་པ་བསྟན་པའི་དེ་མ་ཐག་པར། དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས། །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་ཀློང་། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག །ཅེས་སོགས་བརྗོད་ཀྱིས་མི་ལང་བ་ཞིག་བཤད་པ་ཡིན་ཏེ། དེ་ལྟར་འོད་གསལ་འཆར་བ་དང་རྫོགས་ཆེན་མངོན་སུམ་རྟོགས་པ་དོན་གཅིག་ཏུ་དགོས་ཤིང་། རླུང་དབུ་མར་མ་ཞུགས་ཀྱི་རིང་ལ་དེ་མི་འོང་བར། ཀུན་མཁྱེན་གྱིས། གཟུང་འཛིན་གྱི་ལས་རླུང་དབུ་མ་རུ་ཚུད་པས། རྫོགས་ཆེན་ཁོས་བསླུས་ཡོང་བསམ་པ་རང་མི་གདའ། ཞེས་སོགས་གསུང་། དེ་ཙ་ན་རླུང་དབུ་མར་འདུ་ཤུགས་ཅུང་དྲག་པ་ནས་བརྩམ་སྟེ། མཉམ་བཞག་གི་དངོས་གཞིར་ལས་རླུང་དང་། དེ་ལ་བརྟེན་པའི་རྣམ་རྟོག་གི་རྒྱུ་བ་རྣམས་རང་འགགས་སུ་འགྲོ་བ་ཡིན་ན། གྲོལ་ལུགས་གསུམ་ནི་རྣམ་རྟོག་མ་ནུབ་པའི་ཐད་ནས་ཉམས་ལེན་སྐྱོང་ལུགས་སུ་འདུག་པའི་ཕྱིར་རོ། །རྫོགས་ཆེན་མངོན་སུམ་དུ་མཐོང་བ་རྫོགས་པ་ཆེན་པོའི་སྦྱོར་ལམ་ནས་འོང་ཞིང་། རྫོགས་ཆེན་སྒོམ་པ་ཚོགས་ལམ་ནས་ཡོད་པ་དང་། རྣམ་རྟོག་ལ་འདོར་ལེན་གཙོ་བོར་མི་བྱེད་པར་འཇོག་པ་ཕྱི་མ་དང་། དེའི་སྟོབས་ཀྱིས་སྔ་མའི་དྲོད་ཚད་ཀྱང་ཞར་ལ་འབྱུང་བ་སོགས་རྡོ་རྗེའི་ལམ་འདིའི་འགྲོ་ཕྱོགས་ཙམ་ཡང་མ་མཐོང་བའི་སྒོམ་ཆེན་པ་ཁ་ཅིག་ལ། ངེད་ཀྱི་ཀུན་རྟོག་དབྱིངས་སུ་ནུབ་པའི་ཉམས་ལེན་གྱི་གནད་ལབ་པ་ཡང་སྔོན་མེད་བྱ་རོག་དཀར་པོ་མཐོང་གིན་གདའ་སྟེ། འོན་ཀྱང་གཡག་སྣ་ཁུ་ཚུར་གྱི་གཏམ་སྨྱོ་འགྲོས་མར་བཤད་པ་ཡིན་ལགས། དེ་ལྟར་ཚུལ་འདིས། ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །ཞེས་པའང་རྫོགས་པ་ཆེན་པོའི་འོད་གསལ་གྱི་སེམས་དེ་ཉིད་ལྷག་གེར་མཐོང་བ་ན་ཡེངས་ཡུལ་གྱི་ཡུལ་དྲུག་དང་ཡེངས་མཁན་གྱི་གཉིས་འཛིན་ཐམས་ཅད་ལས་རླུང་ཟད་པའི་ལག་རྗེས་སུ་རང་དྭངས་ཆེན་པོར་ཐལ་བའི་དོན་ཡིན་གྱི་ཡེངས་མི་དགོས་པའི་བརྟན་ཆ་ཙམ་ཞིག་བསྟན་པ་མིན། འདི་ལ་ནི་ཇི་སྲིད་དུ་རླུང་གི་གཡོ་བ་ལ་བརྟེན་ནས་མཉམ་བཞག་གི་རིག་པ་རྩལ་གྱི་རྣམ་པར་རྟོག་པ་སྣང་གསུམ་དང་བཅས་པས་རང་ཞལ་བསྒྲིབས་ཏེ། རྣལ་འབྱོར་པས་ཉམས་མྱོང་རང་མལ་ནས་བསླང་བར་མ་གྱུར་པ་དེ་སྲིད་དུ་སེམས་ཀྱི་རྡོ་རྗེའི་ངང་མ་ཤོར་བ་ཉིད་ལ་དྲན་པའི་ཐ་སྙད་བཞག་གིས། དྲན་ལུགས་སྔ་མ་རྣམས་དང་ཡེ་མི་མཐུན་པར་ཤེས་དགོས་སོ༎
ལྔ་པ་ནི། མཉམ་བཞག་གི་ཉམས་ལེན་དེ་དང་རྗེས་ཐོབ་ཀྱི་སྣང་ཆ་གཉིས་ནུས་པ་བསྲེས་ཏེ། སྣང་རིག་འོད་གསལ་གྱི་གདངས་སུ་རྟོགས་པའི་མྱོང་བ་ལ་རྩལ་འདོན་བྱ་བ་སྟེ། གསུམ་པ་གཉིས་པོ་ཕྱོགས་མཚུངས་ཡང་། སྔ་མ་ནི། རིག་ངོ་སྒོམ་པའི་དུས་སུ་མཐུན་མཚམས་ཀྱི་ཉམས་ལེན་སྐྱོང་ལུགས་དང་། འདི་ནི་མྱོང་སྟོབས་ཀྱིས་རིག་པ་འདྲེན་ནུས་པའི་ས་མཚམས་ནས་རྗེས་སྣང་ལམ་ཁྱེར་བྱ་ལུགས་ཡིན་པས། དེ་གཉིས་མཉམ་བཞག་ཏུ་རླུང་དབུ་མར་ཞུགས་མ་ཞུགས་ཀྱི་སྟེང་ནས་ཉམས་ལེན་ལ་ངར་ཆེ་ཆུང་གི་ཁྱད་ཐང་ཆེན་པོ་འོང་བ་བཞིན་དུ། རྗེས་སྣང་དུའང་ནུས་པ་བསྲེ་ལུགས་ལ་ཁྱད་ཆེན་པོ་ཞིག་འོང་ངོ་། །
དྲུག་པ་ནི། རྫོགས་པ་ཆེན་པོའི་ལམ་ལྔའི་རྣམ་བཞག་ཡང་ཡིག་ནམ་མཁའ་ཀློང་ཡངས་སུ་ཇི་སྐད་བཤད་པའི་ནང་མཐོང་ལམ་གྱི་རྟོགས་པ་མངོན་དུ་གྱུར་ཕན་ཆད་དྲན་པ་འདི་ཉིད་འོང་བ་བཤད་པར་སྣང་ལ། དེའི་ཚུལ་ཡང་སྤྱིར་རྫོགས་པ་ཆེན་པོ་མཐོང་མ་མཐོང་དང་། རྫོགས་ཆེན་ལྷུན་གྲུབ་ཀྱི་རིག་པ་ཆོས་ཉིད་ཟབ་མོའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་མ་མཐོང་ལ་ཁྱད་པར་ཆེན་པོ་ཡོད་དེ། སྔ་མ་འདི་སྦྱོར་ལམ་དང་། ཕྱི་མ་མཐོང་ལམ་ནས་འབྱུང་བའི་ཕྱིར་ཏེ། ལམ་ལྔའི་རྣམ་བཞག་རགས་པ་ཙམ་རེ་ཆགས་ཀྱང་འདི་འདྲའི་གོ་བ་ནི་ཤིན་ཏུ་སླ་མོད་དེ། དེང་སང་ནི་རིག་སྟོང་ཁ་སྦྱར་གྱི་འབྲུ་དོན་འདི་ཙམ་ཡིད་ངོར་འཆར་བ་ཉུང་བས་སོ། །དེའི་ཕྱིར་འོད་གསལ་གྱི་རིག་པ་འཁྲུལ་རྟོག་ཐམས་ཅད་ཀྱིས་མ་བསླད་པའི་ཕྱིར་རྟོག་མེད་ནམ་མཁའ་ལྟ་བུའི་ཐ་སྙད་སྦྱར་བ་ནི་ཕྱོགས་སྔ་མར་ཡང་ཡོད་མོད་ཀྱི་དེ་ཉིད་བསམ་གྱིས་མི་ཁྱབ་པའི་མཐའ་བྲལ་སྟོང་པ་ཉིད་དུ་གཉིས་སྣང་ཕྲ་མོ་ཡང་ནུབ་པའི་ཡེ་ཤེས་ཀྱི་ངོ་བོར་སོན་པ་ནི་ཕྱོགས་ཕྱི་མ་ཁོ་ན་ལ་བཞག་དགོས་པས་མཚོན་བརྗོད་ལས་འདས་ལུགས་ཁྱད་པར་བ་ཞིག་ཡིན་ནོ། །དེ་དག་གི་རྣམ་བཞག་རྒྱ་ཆེར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྗེས་འབྲང་དང་བཅས་པའི་གསུང་རབ་ཀྱི་ཕུང་པོ་མཐའ་ཡས་པ་ཞིག་རྒྱབ་ཆོས་སུ་བྱར་ཡོད་མོད་དེ་རེ་ཞིག་བཞག་གོ། །སྤྱིར་ཆོས་ཟད་ཞེས་པ་སྣང་བཞིའི་ནང་ཚན་གྱི་དེ་དང་། སྐབས་འདིའི་དེ་ལ་ཁྱད་པར་ཡོད་པའི་ཕྱོགས་བཟུང་ན་སྣང་བཞིའི་ནང་ཚན་གྱི་ཚད་ཕེབས་ཀྱང་དེར་འདུ་ལ། དེ་གཉིས་ལ་ཁྱད་པར་མེད་པའི་ཕྱོགས་བཟུང་ན་ཚད་ཕེབས་དང་། མཐར་ཐུག་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གཉིས་ཕྱོགས་མཐུན་དུ་བསྡུ་བ་སོགས་ཤེས་པར་བྱའོ། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་དག་གིས། དང་པོ་ཞི་གནས་བསྒྲུབ་ཚུལ། བར་དུ་འོད་གསལ་སྒོམ་ལུགས། ཐ་མ་རྫོགས་ཆེན་འཆར་ལུགས། དེ་ལས་འབྲས་བུ་འགྲུབ་ཚུལ་ཏེ། ཐེག་པའི་རྒྱལ་པོ་འདིའི་ལམ་འབྲས་བུ་དང་བཅས་པ་ཞིག་བསྡུས་པར་གྱུར་པ་ཡིན་ནོ། །ཐེག་མཆོག་རྨད་བྱུང་རྒྱལ་པོའི་གཏམ། །ཟིལ་བའི་ནང་ནས་ཟིལ་པ་དང་། །དུམ་བུ་ལས་ཀྱང་དུམ་བུ་ཞིག །བྲིས་འདིས་འཇིག་རྟེན་དགེ་བྱེད་ཤོག །ཅེས་པའང་དད་ལྡན་གྱི་སློབ་མ་འགྱུར་མེད་རྡོ་རྗེའི་ངོར། སྤྲང་པོ་འཇིགས་མེད་པས་ཇ་བར་ཞིག་ལ་ཤར་མར་བྲིས་པ་དགེ་ཞིང་བཀྲ་ཤིས་སོ། །དགེའོ།། །།
