Brief Explanation of Taking Refuge—Tibetan

Practices › Taking Refuge | བོད་ཀྱི་བླ་མ།རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

English | Français | བོད་ཡིག

རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

Field of Merit

Further information:
Download this text:

༄༅། །སྐྱབས་འགྲོའི་རྣམ་བཞག་མདོར་བསྡུས།

གང་གི་དམིགས་པ་མེད་པའི་ཐུགས་རྗེ་ཡིས། །མཐའ་ཀླས་སྲིད་པའི་འགྲོ་རྣམས་སྐྱོབ་མཛད་པ། །ཐུབ་དབང་སྲས་དང་བཅས་ལ་་་ ཕྱག་བྱས་ཏེ། །སྐྱབས་འགྲོའི་རྣམ་བཞག་ཉུང་ངུའི་ཚིག་གིས་སྤྲོ། །དེ་ལ་སྐྱབས་འགྲོའི་ཡུལ། ངོ་བོ། ངེས་ཚིག དབྱེ་བ། སྐྱབས་སུ་སོང་བའི་ཕན་ཡོན་བཤད་པ་དང་ལྔ་ལས། དང་བོ་ཡུལ་ནི། སྤྱོད་འཇུག་ལས། བྱང་ཆུབ་སྙིང་བོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་གསུམ་ལས། དང་པོ་སངས་རྒྱས་དཀོན་མཆོག་ནི། འགོག་བདེན་མཐར་ཐུག་པ་ངོ་བོ་ཉིད་སྐུ་དང༌། ལམ་བདེན་མཐར་ཐུག་པ་ཡེ་ཤེས་ཆོས་སྐུ་སྟེ། འདི་དག་མངའ་བའི་སྐྱབས་གནས་མཐར་ཐུག་པ་དེ་ཡིན། དེ་ལ་ངོ་བོ་ཉིད་སྐུ་ཞེས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཉིད་སྟོང་བ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་ཆ་དེ་ཡིན། ཡེ་ཤེས་ཆོས་སྐུ་ཞེས་པ་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་རྣམ་མཁྱེན་ལ་ཟེར། དེ་དག་ཉིད་དང་གཞན་ཡང་ཆོས་དེ་དག་མངའ་བའི་སངས་རྒྱས་འཕགས་པ་སོགས་ཀྱང་སངས་རྒྱས་དཀོན་མཆོག་ཡིན། ཆོས་དཀོན་མཆོག་ནི་འགོག་ལམ་གྱི་བདེན་པ་གཉིས་ཏེ། འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ཀྱི་ཡེ་ཤེས་ལམ་བདེན། འཕགས་པས་སྒྲིབ་པ་ཅི་རིགས་པ་བསལ་བའི་ཆ་འགོག་བདེན་ཡིན། བསལ་བའི་ཆ་ཞེས་པའང་འཕགས་པ་རྣམས་ཀྱི་སྟེང་གི་སྟོང་ཉིད་དེ་དྲི་མ་ལས་གྲོལ་བའི་ཆ་ལ་གོ་དགོས། དགེ་འདུན་དཀོན་མཆོག་ནི་འཕགས་པ་བཞི་སོགས་འཕགས་པ་རྣམས་ལ་བྱ་སྟེ། ལར་འཕགས་པ་ཞེས་པ་ཟག་པ་མེད་པའི་ཡེ་ཤེས་ཐོབ་པའི་གང་ཟག་རྣམས་ཡིན། འཕགས་པ་བཞི་ནི། ཉན་རང་བྱང་སེམས་འཕགས་པ་གསུམ་དང་སངས་རྒྱས་འཕགས་པ་རྣམས་སོ། །དེ་དག་ལས་གཞན་འཕགས་པ་ཕུང་སུམ་པ་ཡང་ཡོད་དོ། །གཉིས་པ་སྐྱབས་འགྲོའི་ངོ་བོ་ནི། དཀོན་མཆོག་གསུམ་ནི་བདག་གི་དཔུང་གཉེན་ཡིན་ནོ་སྙམ་པའི་རེ་བ་ཆེན་པོ་ཞིག་འཇོག་རྒྱུ་འདི་ཡིན། དེའང་དོན་དུ་སེམས་བྱུང་སེམས་པ་ཞིག་ཡིན། དེ་ལྟ་ནའང་གྲོགས་སེམས་པ་དེ་དང་ལྷན་ཅིག་པའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་གཞན་མ་རྣམས་ཀྱང་དེའི་རྣམ་པར་འཆར་བ་ཡིན་ནོ། །གསུམ་པ་ངེས་ཚིག་གམ་སྒྲ་བཤད་ནི། སྐྱབས་དཀོན་མཆོག་གསུམ་ལ་བློ་འགྲོ་ཞིང་གཡོ་བའི་ཕྱིར་ན་སྐྱབས་འགྲོ་ཞེས་བྱ་སྟེ། ཆུ་འཐུང་བའི་དོན་དུ་འདུན་པ་འགྲོ་ཟེར་བ་བཞིན་ཏེ། མདོར་བསྡུ་ན་རེ་བ་དང་བཅས་པའི་སེམས་པ་སྐྱབས་ཡུལ་ལ་སོང་བའོ། །བཞི་བ་དབྱེ་བ་ནི། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་ལ་ཚེ་འདི་དང་ཕྱི་མའི་འཇིགས་པ་ལས་སྒྲོལ་བའི་དཔུང་གཉེན་དུ་རེ་བ་འཆའ་བ་རྒྱུའི་སྐྱབས་འགྲོ་དང་། མ་འོངས་པ་ན་རང་གི་རྒྱུད་ལ་དཀོན་མཆོག་གསུམ་འབྱོན་པའམ་འཐོབ་པར་འདོད་པའི་བློས་འབྲས་བུ་སྐྱབས་གནས་དེ་ལ་ཐོབ་བྱའི་དཔུང་གཉེན་དུ་རེ་བ་འཆའ་བ་འབྲས་བུའི་སྐྱབས་འགྲོ་སྟེ་གཉིས་ཡོད། ལྔ་བ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་འཕྲལ་དུ་ཚེ་རིང་སོགས་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་ཞིང༌། ངན་འགྲོའི་སྒོ་འཕར་གཅོད་པ་སོགས་དང༌། ཕུགས་སུ་ངེས་པར་ལེགས་པའི་ཡོན་ཏན་གྱི་གཞི་འདེང་བ་ལ་སོགས་པའོ། །དེ་སྐད་སྐྱབས་སུ་འགྲོ་བའི་གཏམ་གྱི་བཅུད། །ཉུང་ལ་གོ་བདེའི་ངག་གིས་བཤད་པ་འདི། །བློ་གསལ་དབང་དྲག་ཞེས་བྱའི་བཞེད་སྐོང་དུ། །བླུན་ཕྲུག་འཇིགས་མེད་ཅེས་བྱས་གང་དྲན་བྲིས། དགེའོ། །

This website uses cookies to collect anonymous usage statistics and enhance the user experience.
Decline
Accept