བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བསྡུས།

English | བོད་ཡིག

༄༅། །ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་ལ་སྦྱོར་རྒྱུའི་བསྐང་བ་མདོར་བསྡུས་ནི།

 

ན་མ་ཤྲཱི་ཧེ་རུ་ཀ

 

བསྐང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ལ།

ཧཱུྃ། ཆོས་དབྱིངས་ཀུན་ཁྱབ་ཡེ་ཤེས་ཆེན་པོའི་རྩལ། །

འགགས་མེད་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ནི། །

སྣང་བའི་དངོས་ཀུན་དག་ཆེན་རྡོ་རྗེའི་ཞིང་། །

ལྷུན་གྲུབ་རིག་པ་སྣང་སྲིད་གཞི་བཞེངས་ཆེའི། །

དཀྱིལ་འཁོར་ཡོངས་རྫོགས་འོག་མིན་ཆེན་པོའི་གནས། །

 

གཡོ་བའི་དངོས་སྣང་དག་པ་རབ་འབྱམས་ཀྱི། །

ཡེ་ཤེས་ནམ་མཁའི་རྡོ་རྗེར་ལྷུན་རྫོགས་པའི། །

བདེ་ཆེན་མཆོག་གི་བདུད་རྩིའི་མཆོད་སྤྲིན་གཏེར། །

 

ཕྱི་ལྟར་ཉེར་སྤྱོད་འདོད་པའི་ཡོན་ཏན་རྫས། །

མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །

སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་སྤྲིན། །

 

ནང་ལྟར་ཡུལ་དྲུག་དབྱིངས་སུ་ཐིམ་པའི་རྩལ། །

རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །

མཆོད་པའི་ལྷ་མོས་འདོད་ཡོན་ཆར་དུ་འབེབས། །

 

གསང་བ་སྦྱོར་སྒྲོལ་སྨན་གཏོར་རཀྟ་སོགས། །

ཡེ་ཤེས་སྒྱུ་མ་ལོངས་སྤྱོད་མཆོད་པའི་རྫས། །

ཀུན་བཟང་རིག་པ་རང་སྣང་རོལ་པའི་སྤྲིན། །

 

ཆོས་ཀྱི་དབྱིངས་ལྟར་འདོད་དགུའི་ཆར་འབེབས་པས། །

བླ་མ་ཧེ་རུ་ཀ་དཔལ་ཐུགས་དམ་བསྐངས། །

ཆེ་མཆོག་རྡོ་རྗེ་སྲིན་པོའི་ཐུགས་དམ་བསྐངས། །

དཔལ་ཆེན་ཡང་དག་ལྷ་ཚོགས་ཐུགས་དམ་བསྐངས། །

འཇམ་དཔལ་དུས་དགྲའི་ལྷ་ཚོགས་ཐུགས་དམ་བསྐངས། །

རྟ་མཆོག་དབང་གི་ལྷ་ཚོགས་ཐུགས་དམ་བསྐངས། །

ཐལ་འབྱིན་ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐངས། །

རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགས་དམ་བསྐངས། །

རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐངས། །

འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐངས། །

དྲག་སྔགས་དམོད་པའི་ལྷ་ཚོགས་ཐུགས་དམ་བསྐངས། །

བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐུགས་དམ་བསྐངས། །

 

མདོར་ན་ཡེ་ཤེས་ཀློང་དགུའི་རྣམ་རོལ་ལས། །

གང་འདུལ་སྒྱུ་འཕྲུལ་དྲ་བའི་ཟློས་གར་གྱིས། །

དོན་གཉིས་འདོད་པ་ཡོངས་སུ་རྫོགས་མཛད་པ། །

སྒྲུབ་སྡེ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐངས།

 

ཧཱུྃ། དེ་ལྟར་ཐུགས་དམ་བསྐང་ཞིང་མཆོད་པའི་མཐུས། །

བདག་གཞན་སྒོ་གསུམ་ཉེས་ཚོགས་ཡོངས་དག་ནས། །

རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་སྤྱི་གཟུགས་མཆོག །

ཧེ་རུ་ཀ་དཔལ་ཚེ་འདིར་མངོན་འགྲུབ་ཤོག །

 

ཅེས་པའང་བཙུན་པ་ཟླ་བའི་མིང་ཅན་གྱི་ངོར་སྤྲང་པོ་འཇིགས་མེད་པས་སོ། །

 

རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།

དཔལ་ཆེན་འདུས་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept