Summoning the Spirit of Abundance: A Rain of Flowers—Tibetan

Practices › Wealth & Prosperity | Literary Genres › Termas | བོད་ཀྱི་བླ་མ།རྡོ་རྗེ་བདེ་ཆེན་གླིང་པ།

English | བོད་ཡིག

རྡོ་རྗེ་བདེ་ཆེན་གླིང་པ།

Domang Dorje Dechen Lingpa

Further information:
Download this text:

༄༅། །ཟབ་གསང་མཁའ་འགྲོའི་བརྡ་མཛོད་ལས་གཡང་འགུག་མེ་ཏོག་ཆར་འབེབས་བཞུགས་སོ༔

 

དངོས་གྲུབ་སྩོལ་བའི་ལྷ་ལ་ཕྱག་འཚལ་ལོ༔

གང་ཞིག་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་པས༔ ཚེ་བསོད་དཔལ་བསྐྱེད་དངོས་གྲུབ་སྒྲུབ་འདོད་ན༔ གཡང་རྫས་སྣ་ཚོགས་བསགས་ལ་མདའ་དར་དང་༔ ཕྱེ་མར་ཟས་ཕུད་ཙམ་ལ་བརྟེན་ཀྱང་རུང་༔ རྣལ་འབྱོར་མོས་འདུན་གདུང་བས་འདི་སྐད་དོ༔

ཧཱུྃ༔ བཀྲ་ཤིས་ཕུན་ཚོགས་གཡང་གི་རྭ་བ་འདིར༔

གཡང་རྫས་ལོངས་སྤྱོད་སྣ་ཚོགས་སྤྲིན་ལྟར་གཏིབས༔

ཇོ་བོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔

བཀའ་སྲུང་ནོར་ལྷ་གཏེར་བདག་རྒྱ་མཚོའི་ཡིས༔

དངོས་གྲུབ་གཡང་གི་ཆར་ཆེན་དུས་འདིར་ཕོབས༔

 

གཞོམ་གཞིག་བྲལ་བ་རྡོ་རྗེ་སྐུ་ཡི་གཡང་༔

འགགས་པ་མེད་པ་རྡོ་རྗེ་གསུང་གི་གཡང་༔

འཁྲུལ་པ་མེད་པ་རྡོ་རྗེ་ཐུགས་ཀྱི་གཡང་༔

བདག་སོགས་ལུས་ངག་ཡིད་ལ་སྩལ་དུ་གསོལ༔

 

གདོད་ནས་འཕོ་འགྱུར་བྲལ་བ་ཆོས་སྐུའི་གཡང་༔

ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྐུའི་གཡང་༔

རིག་རྩལ་སྒྱུ་འཕྲུལ་རོལ་པ་སྤྲུལ་སྐུའི་གཡང་༔

འཁོར་འདས་འུབ་ཆུབ་སེམས་ཀློང་འདི་རུ་བསྐྱིལ༔

 

མཚན་འཛིན་ཀ་ནས་དག་པ་གདོད་མའི་གཤིས༔

ཡེ་སྟོང་རང་བབས་སོར་བཞག་ངང་གནས་པའི༔

རང་གྲོལ་སྒོམ་པའི་རྫོགས་ཆེན་རྣལ་འབྱོར་ལ༔

གཡང་ཡེ་ཟུང་འཇུག་སྐུ་ལྔའི་གཡང་སྩོལ་ཅིག༔

 

ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་ལས་བྱུང་བའི༔

འདོད་རྒུའི་དཔལ་འབྱོར་སྲིད་ན་མངོན་མཐོ་བ༔

ནོར་བུ་དབང་རྒྱལ་དཔག་བསམ་ལྗོན་པའི་ཤིང་༔

གཏེར་ཆེན་བུམ་པ་ལྷ་ཡི་བདུད་རྩི་དང་༔

མར་མེ་ལོ་ཏོག་རིན་ཆེན་རྣམ་པ་བདུན༔

ཁྱད་པར་འཕགས་པའི་ནོར་གྱི་གཡང་ཁུག་ཅིག༔

 

དབུས་ཀྱི་རི་བོ་མཆོག་རབ་བརྟན་པའི་གཡང་༔

རོལ་པའི་མཚོ་བདུན་མི་ཟད་འཕེལ་བའི་གཡང་༔

གསེར་གྱི་རི་བདུན་བཀོད་མཛེས་བརྗིད་པའི་གཡང་༔

གླིང་བཞི་དགའ་བདེ་དཔལ་འབྱོར་རྒྱས་པའི་གཡང་༔

འདི་རུ་ཁུག་ལ་བསྒྲུབ་པའི་རྫས་ལ་བསྟིམ༔

 

དགོན་གནས་རྟེན་གསུམ་བྱིན་རླབས་ལྡན་པའི་གཡང་༔

མཁས་དང་གྲུབ་བརྙེས་དགེ་འདུན་མང་འདུས་གཡང་༔

བཀའ་བཙུན་ཐུགས་སྒམ་མང་པོས་བཀུར་བའི་གཡང་༔

འབྱོར་པ་མང་འདུས་རྒྱལ་པོའི་མཛོད་གཡང་སོགས༔

ཕྱི་ནང་སྣོད་བཅུད་དགེ་ལེགས་རྒྱ་མཚོའི་གཡང་༔

མ་ལུས་མཆོག་གསུམ་བདེན་པས་འདི་རུ་སྩོལ༔

 

རྩ་གསུམ་ལྷ་དང་གུ་རུ་པདྨ་འབྱུང་༔

ཁྱེད་ལ་རྩེ་གཅིག་རེ་ལྟོས་གསོལ་འདེབས་ན༔

གནས་སྐབས་འབྱོར་པ་ཀུན་གྱིས་མི་ཕོངས་ཤིང་༔

ཆོས་ལྡན་བསམ་པའི་མཐུན་རྐྱེན་ཡིད་བཞིན་འགྲུབ༔

མཐར་ཐུག་རང་བཞན་གདོད་མར་བདེ་བླག་སྐྱོལ༔

ཨོཾ་ཨཱཿཧཱུྃ་གུ་རུ་རཏྣ་སིདྡྷི་པུཎྱེ་པུཥྚིཾ་ཀུ་རུ་བྷྲཱུྃ་སྭཱ་ཧཱ༔

 

དེ་ལྟར་རྩེ་གཅིག་གདུང་ཤུགས་དྲག་པོ་ཡིས༔ ཡང་ཡང་ཚར་མང་བསྐྱལ་གསོལ་བཏབ་ན༔ བསླུ་མེད་དཔལ་ཡོན་མཆོག་ཐུན་དངོས་གྲུབ་ཐོབ༔ དེང་འདིར་ཕྱ་དང་གཡང་གི་ཆར་ཆེན་འབེབས༔ ཕྱི་མར་རང་གཞན་གདོད་མར་བདེ་བླག་སྐྱོལ༔ དེ་ཕྱིར་ཐུགས་བཅུད་གདམས་པའི་ཡང་སྙིང་འདི༔ དུས་ངན་དབུལ་ཕོངས་སྡུག་བསྔལ་ཀྱིས་གདུང་ཚེ༔ དབེན་པར་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པའི༔ ཚེ་གཅིག་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་དུ༔ ཡང་ཟབ་ཌཱ་ཀྐི་གསང་བའི་བརྡ་མཛོད་ལས༔ མན་ངག་ཟབ་ཁྱད་གདམས་པའི་མཛོད་འདི་སྤེལ༔  ས་མ་ཡ༔  རྒྱ་རྒྱ་རྒྱ༔

 

ཞེས་པ་འདི་ཡང་ཆོས་འདི་ལ་ལས་འཕྲོ་སད་པའི་སྐལ་ལྡན་གྱི་སློབ་བུ་བསམ་གཏན་མིང་གིས་བསྐུལ་ངོར་རྟེན་འབྲེལ་གྱི་སྣང་བ་ཕྱོགས་མེད་དུ་ཤར་བའི་ཚེ་མི་སྨྱོན་རྡོ་རྗེ་བདེ་ཆེན་གླིང་པས་ཐུགས་གཏེར་མཁའ་འགྲོའི་བརྡ་ལས་དག་པར་ཕབ་པའོ༔ དགེའོ༔ མངྒལཾ༔

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept