བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དཔལ་ཆེན་རྡོ་རྗེ་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་ཕྲིན་ལས་བྱང་བུ་ཤིན་ཏུ་འཁྱེར་བདེ་རུ་བཀོད་པ།

English | བོད་ཡིག

༄༅། །དཔལ་ཆེན་རྡོ་རྗེ་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་ཕྲིན་ལས་བྱང་བུ་ཤིན་ཏུ་འཁྱེར་བདེ་རུ་བཀོད་པ་བཞུགས།

 

དེ་བཞིན་གཤེགས་པ་ཁྲག་འཐུང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །

དཔལ་ཆེན་རྡོ་རྗེ་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་ཕྲིན་ལས་བྱང་བུ་ཤིན་ཏུ་འཁྱེར་བདེ་རུ་འགོད་པ་ལ་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལའང་།

དང་པོ་མདུན་རྣམ་དག་ནི།

བཛྲ་ས་མ་ཛཿ

ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་རོལ་བ་ཉག་ཅིག་ཏུ་སད་པར་གྱུར།

དང་པོ་ལའང་ཚོགས་གསོག་པ་ནི།

རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །

དག་པའི་མཆོད་པ་བཞེས་སུ་གསོལ། །

དངོས་གྲུབ་ཆུ་བོ་གཅོད་པའི་བགེགས། །

ཉེས་བྱས་མ་ལུས་བཤག་པར་བགྱི། །

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །

མ་ཆགས་སྤྱོད་ལ་རྗེས་ཡི་རང་། །

དག་པའི་མཐའ་བཞི་དྲི་མ་མེད། །

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །

དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །

ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །

བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །

ལན་གསུམ་གྱི་མཐར།

ཛཿཧཱུྃ་བཾ་ཧཱུྃཿ

ཞེས་རང་ལ་བསྟིམ་པས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཐོབ་པར་བསམ་མོ། །

གཉིས་པ་མཆོད་རྫས་བྱིན་བརླབ་ནི།

ཧཱུྃ། སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན། །

ཡེ་ཤེས་བདུད་རྩིར་བྱིན་བརླབས་པས། །

ཕྱི་ནང་གསང་བའི་མཆོད་རྫས་ཀུན། །

ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར། །

ཨོཾ་བཛྲ་ཨརྒྷཾ། པདྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ །གྷནྡྷེ། ནཻ་ཝིདྱ། ཤཔྟ། ཨཿཧཱུྃ།

སྨན་གཏོར་རཀྟའི་སྔགས།

སརྦ་པཉྩ་རཀྟ་བ་ལིངྟ་མ་ཧཱ་སུ་ཁཱ་པུ་ཛ་ཨཱཿཧཱུྃ།

ལན་གསུམ་རེ་བརྗོད།

གཉིས་པ་དངོས་གཞི་ལ།

དང་པོ་བསྐྱེད་རིམ་ནི།

ཏིང་འཛིན་རྣམ་གསུམ་ཁྱད་ཆོས་ལྡན༔

རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔

སྙིང་རྗེ་འགལ་ཟླ་ལ་ཁྲོས་པས༔

ཀུན་སྣང་བྱང་ཆུབ་སེམས་སུ་ཤར༔

མཚོན་ཆེན་ཐུགས་ཀྱི་རྡོ་རྗེ་ནི༔

ཡིག་འབྲུས་མཚན་པ་རྒྱུ་ཡིན་ནོ༔

ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔

ཐུགས་ནི་ཡང་དག་རྡོ་རྗེ་ཉིད༔

སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ༔

རྣམ་པར་མི་རྟོག་རྟོག་ལས་འདས༔

སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔

གསད་ཅིང་མནན་པ་མ་ཡིན་ཏེ༔

ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔

རྣམ་པར་ཤེས་པ་རྡོ་རྗེར་སྒོམ༔

 

ཧཱུྃ། སེམས་དང་ཡིད་དང་རྣམ་ཤེས་ཉིད༔

དེ་ཉིད་ལས་ནི་འཁྲུལ་ནས་བཏགས༔

རྣམ་རྟོག་བག་ཆགས་སྤང་བའི་ཕྱིར༔

བདག་དང་ཕུར་པ་གཞལ་ཡས་ཁང་༔

 

ཧཱུྃ། རཀྟའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང་། །

ཀེང་རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེང་། །

རྡོ་རྗེའི་བྲག་ཆེན་གཏམས་པའི་ས་གཞི་ལ། །

དུར་ཁྲོད་ཆེན་པོ་འབར་བའི་གཞལ་ཡས་ཁང་། །

སུས་ཀྱང་མ་བསྐྱེད་ཡེ་ནས་ཚད་ལས་འདས། །

བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནང་། །

དྲེགས་པ་ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །

ཉི་ཟླའི་གདན་བཤམས་པདྨའི་གེ་སར་བཅས། །

ཚད་དང་མཚན་ཉིད་མ་ལུས་ཡོངས་སུ་རྫོགས། །

གཙོ་བོའི་གནས་སུ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས། འཇིགས་བྱེད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུ་དབུ་གསུམ་ཕྱག་དྲུག་པ། ཞབས་རྣམ་པ་བཞི་དང་ལྡན་པ།

གཡས་དཀར། གཡོན་དམར། དབུས་མཐིང་ནག་ཏུ་བཞུགས་པ།

གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ། གཡོན་དང་པོ་ན་མེ་དཔུང་འབར་བ་བསྣམས། གཡས་བར་བ་ན་རྡོ་རྗེ་རྩེ་ལྔ་དང་། གཡོན་བར་བ་ན་ཁ་ཊྭཱཾ་རྩེ་གསུམ་འཛིན་པ། མཐའ་གཉིས་ཀྱིས་རི་རབ་ཕུར་པ་འདྲིལ་ཞིང་ཞབས་བཞི་ལས་གཉིས་བརྐྱངས་གཉིས་བསྐུམས་ཏེ་འདོར་སྟབས་སུ་བཞུགས་པའོ། །སྐུ་ལ་བསྐལ་པའི་མེ་རི་དང་།

གླང་པོ་ཆེའི་ཀོ་རློན་དང་། སྟག་གི་ཤམ་ཐམས་དང་། ཞིང་ཆེན་གྱི་པགས་པ་དང་།

ཐལ་བའི་ཚོམ་བུ་དང་། ཞག་གི་ཟོ་རིས་དང་། ཁྲག་གི་ཐིག་ལེའོ། །སྦྲུལ་རིགས་ལྔས་བརྒྱན་ཏེ། རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེའི་རིགས་དང་། དམངས་རིགས་དང་། གདོལ་བའི་རིགས་སོ། །

ཐུགས་ཆགས་པས་ཁྲག་གི་རྒྱ་མཚོ་ལ་གསོལ་བའོ། །

 

ཡུམ་འཁོར་ལོ་རྒྱས་འདེབས་མ་ཞལ་གཅིག་ཕྱག་གཉིས་མ།

གཡས་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ།

གཡོན་བྷནྡྷ་རཀྟས་བཀང་ནས་ཡབ་ཀྱི་ཞལ་དུ་སྟོབ་པ།

སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། དོ་ཤལ་དང་། དཔུང་རྒྱན་དང་། མགུལ་རྒྱན་དང་། སྙན་རྒྱན་དང་། སེ་མོ་དོས་བརྒྱན་པ།

ཐབས་དང་ཤེས་རབ་གཉིས་སུ་མེད་པར་བཞུགས་པའོ། །

ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔

ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔

འབར་བའི་ཁྲོ་བོ་མི་བཟད་པའི༔

སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག༔

ཅེས་བསྐུལ་བས་སྲིད་པ་གསུམ་
གྱི་སྣང་ཞེན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གསུམ་དུ་སྒྲུབ་པའི་ཕྱིར་རྡོ་རྗེ་ཆགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས།

ཡབ་ཡུམ་གཉིས་སུ་མེད་པར་རྡོ་རྗེ་ཆགས་པའི་དོན་ལ་བསྐུལ་བར་མཛད་དེ་

ཡབ་ཀྱིས་

ས་མ་ཡ་ཧོ༔

ཡུམ་གྱིས་

ས་མ་ཡ་སྟཾ།

ཡབ་ཀྱིས་

ར་ཧོ་ཧཾ།

ཡུམ་གྱིས་

རཱ་ག་ཡཱ་མི།

ཡབ་ཡུམ་གཉིས་སུ་མེད་པར་གྱུར།

པདྨོ་ཡོ་གི་ནི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔

ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁར་བབས་ཏེ། ཡུམ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་གྱུར།

ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀི་ལ་ཡཱ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔

 

སྲས་མཆོག་ཀཱི་ལ་རིགས་ལྔ་ནི༔

སྟོང་ཉིད་དབྱིངས་ལས་ལོངས་སྐུར་ཤར༔

སྤྲུལ་པ་རྫས་ཀྱི་དཀྱིལ་འཁོར་དུ༔

ཡུམ་གྱི་བྷ་གར་ལྷུན་གྱིས་གྲུབ༔

 

བཛྲ་ས་མ་ཛཿས་སྤྱན་དྲངས་ནས༔

རིགས་ལྔ་སྟངས་དཔྱལ་བཅུའི་རང་བཞིན༔

ཐབས་ཀྱི་ཐལ་མོའི་བར་དུ་བྱོན༔

བདེ་བའི་རླབས་ཀྱིས་དབང་རྣམས་རྫོགས༔

དབང་རྟགས་རིགས་ལྔས་དབུ་ལ་བརྒྱན༔

སྟོད་ནི་གཙོ་བོ་ཡབ་འདྲ་ལ༔

སྨད་ནི་ཆུ་སྲིན་ཕུར་པའི་དབལ༔

ལྕགས་བསྲེག་འབར་བ་མེ་སྟག་འཕྲོ༔

རྒྱ་མདུད་ནང་ནས་སྔགས་སྒྲ་སྒྲོགས༔

ཆུ་སྲིན་ཁ་ནས་མེ་ལྕེ་དང༔

སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད༔

སྟོང་གསུམ་གདུག་པའི་ཀླུ་རྣམས་འདུལ༔

ཐུགས་ཀར་དཀྱིལ་འཁོར་ཡོངས་རྫོགས་དང༔

དབུ་ལ་རིགས་ལྔའི་ཁྲག་འཐུང་རྫོགས༔

དགྲ་སྟ་གཡས་ལ་རང་རྟགས་གཡོན༔

བར་བ་ཁ་ཊྭཱཾ་གཏུན་ཤིང་དང༔

ཐ་མ་རི་རབ་ཕུར་པ་འདྲིལ༔

 

རྒྱུད་ལྔ་ཡེ་ཤེས་ལྔ་རུ་སྒྲོལ༔

དུག་ལྔ་རྩད་ནས་གཅོད་པར་བྱེད༔

སངས་རྒྱས་འདུས་པ་ཐམས་ཅད་ཀྱི༔

སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔

ཨོཾ་བུདྡྷ་ཀཱི་ལི་ཀི་ལ་ཡཱ་བཛྲ་ནན༔

ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ༔

སྤུ་ཊ་སྤུ་ཊ་སརྦ་ན་ས་པ་ན་ཡེ་ཧཱུྃ་ཕཊ༔

ཨོཾ་པདྨ་ཀཱི་ལི་ཀི་ལ་ཡཱ་ཝཀྐཱ་བཛྲ་ནན༔

སརྦ་དུཥྚཾ་ཧྲཱི་ཤོ་དྷ་ཧཱུྃ་ཕཊ༔

ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡཱ་ཙིཏྟ་བཛྲ་ནན༔

ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔

ཅེས་བྱིན་གྱིས་བརླབ་ནས་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་ནི།

ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡཱ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ༔

ལུས་ཀྱིས་བཀྲགས་དང་ལྡན་པ་དང༔

བ་སྤུའི་བུ་ག་རྡོ་རྗེས་གཏམས༔

མ་གུ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ༔

བུདྡྷ་ཐམས་ཅད་འདུས་པའི་སྐུར༔

ཁྲོ་བོ་དུ་མས་བྱིན་གྱིས་རློབས༔

བེེ་ཏ་ལི་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ༔

ལུས་ཀྱི་བ་སྤུའི་བུ་ག་ཀུན༔

ཁྲོ་ཆུང་ཉིད་ཀྱིས་རབ་ཏུ་གཏམས༔

ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔

གདུལ་བྱའི་གདན་ལ་བཞུགས་སུ་གསོལ༔

ས་མ་ཡ་ཏིཥྛ༔

དེ་ནས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི།

ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔

སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག༔

སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔

ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། ཅེས་བསྐུལ།

ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔

ཅེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ལན་གཅིག་འཕྲོས་པས་ཁྲོ་བོ་ཆེན་པོའི་རང་བཞིན་དུ་གྱུར།

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷག་གེར་ཁེངས། ཉོན་མོངས་པ་དང་ལོག་པར་ལྟ་བའི་སེམས་ཅན་ཐམས་ཅད་བསྒྲལ།

སླར་དེ་དག་ཐམས་ཅད་ཡུམ་གྱི་བྷ་ག་ལ་བསྡུས་ཏེ།

འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་དྲེགས་པ་ཅན་ཐམས་ཅད་བསྒྲལ་ཏེ་རྩིབས་བཅུར་གདན་དུ་བྱས་པའི་སྟེང་ཁྲོ་བོའི་དཀྱིལ་འཁོར་འཐོན་པ་ནི།

ཧཱུྃ་ཧཱུྃ་ཛཿཛཿ

སྟེང་གི་ཕྱོགས་སུ་ཁྲོ་བོ་ཧཱུྃ་ཀ་ར་ཞལ་གཅིག་ཕྱག་གཉིས་པ་མདའ་གཞུ་འགེངས་ཤིང་ཡུམ་རྡོ་རྗེ་སྒྲ་འབྱིན་མ་དང་འཁྲིལ་ནས་ཚངས་པའི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པའི་གཡས་སུ་ཡབ་ཀྱི་སྤྲུལ་པ་ཕག་གི་མགོ་ཅན་དང་། གཡོན་དུ་ཡུམ་གྱི་སྤྲུལ་པ་རྨིགས་བུའི་མགོ་ཅན་ནོ། །

ཧཱུྃ་ཧཱུྃཿཛཿཛཿ

ཤར་ཕྱོགས་སུ་ཁྲོ་བོ་རྣམ་པར་རྒྱལ་བ་ཞལ་གཅིག་ཕྱག་གཉིས་པ་ཕྱག་ན་རྩེ་གསུམ་དང་འཁོར་ལོ་བསྣམས་པ། ཡུམ་རྡོ་རྗེ་སྙེམས་མ་དང་སྤྲུལ་པ་སྟག་དང་བྱ་རྒོད་ཀྱི་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

ཤར་ལྷོར་ཁྲོ་བོ་དབྱུག་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་དབྱུག་པ་དང་མེ་དཔུང་བསྣམས་པ་ཡུམ་རྡོ་རྗེ་སྡེར་མོ་དང་སྤྲུལ་པ་གཡག་དང་བྱ་རོག་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

ལྷོ་ཕྱོགས་སུ་ཁྲོ་བོ་གཤིན་རྗེ་གཤེད་ཞལ་གཅིག་ཕྱག་གཉིས་པ་ཐོད་དབྱུག་དང་དགྲ་སྟ་བསྣམས་པ། ཡུམ་དུར་ཁྲོད་བདག་མོ་དང་སྤྲུལ་པ་ཤྭ་བ་དང་འུག་པའི་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

ལྷོ་ནུབ་ཏུ་ཁྲོ་བོ་མི་གཡོ་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་རལ་གྲི་དང་ཞགས་པ་བསྣམས་པ། ཡུམ་རྡོ་རྗེ་གཏུན་ཁུང་མ་དང་སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ་ཞལ་གཅིག་ཕྱག་གཉིས་པ་ཞགས་པ་དང་སྤུ་གྲི་བསྣམས་པ། ཡུམ་རྡོ་རྗེ་གཏུམ་མོ་སྤྲུལ་པ་བྱི་ལ་དང་པུ་ཤུད་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

ནུབ་བྱང་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཞལ་གཅིག་ཕྱག་གཉིས་པ་མདའ་དང་རྔ་ཡབ་བསྣམས་པ། ཡུམ་རྡོ་རྗེ་མདའ་སྙེམས་མ་དང་སྤྲུལ་པ་སྤྱང་ཀི་ཁྲའི་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ཞལ་གཅིག་ཕྱག་གཉིས་པ་དབྱུག་ཏོ་དང་རྒྱ་གྲམ་བསྣམས་པ་ཡུམ་རྡོ་རྗེ་རླུང་འབྱིན་མ་དང་སྤྲུལ་པ་སེངྒེ་དང་ཕ་ཝང་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

བྱང་ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་རིན་ཆེན་བསྣམས་པ། ཡུམ་རྡོ་རྗེ་གསོད་བྱེད་མ་དང་། སྤྲུལ་པ་དོམ་དང་སྲེ་མོང་མགོ་ཅན་ནོ། །

ཧཱུྃ་ཧཱུྃ་ཛཿཛཿ

འོག་ཕྱོགས་སུ་ཁྲོ་བོ་སྟོབས་པོ་ཆེ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་ཐོང་གཤོལ་བསྣམས་པ་ཡུམ་རྡོ་རྗེ་བསྐྱོད་བྱེད་མ་དང་འཁྲིལ་ནས་ཕྱོགས་སྐྱོང་གི་གདན་ལ་རང་རང་བརྐྱང་བསྐུམ་དུ་བཞུགས་པའི་གཡས་སུ་ཡབ་ཀྱི་སྤྲུལ་པ་སྟག་གི་མགོ་ཅན་དང་། གཡོན་དུ་ཡུམ་གྱི་སྤྲུལ་པ་བྱ་རྒོད་ཀྱི་མགོ་ཅན་ནོ། །

ཐམས་ཅད་ཀྱང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པའོ། །

ཛཿཧཱུྃ་བཾ་ཧཱུྃ༔ལས་སྒོ་བཞི་ཉི་ཟླའི་གདན་ལ་དྲོད་གཤེར་ལས་སྐྱེས་པ་ཤར་སྒོ་ལྕགས་ཀྱུ་མ་དཀར་མོ་སྐྱ་ཀའི་མགོ་ཅན་གཡས་ལྕགས་ཀྱུ་དང་། གཡོན་ཕུར་པ་བསྣམས་པ།

ལྷོ་སྒོ་ཞགས་པ་མ་སེར་མོ་པུ་ཤུད་མགོ་ཅན་གཡས་ཞགས་པ་དང་། གཡོན་ཕུར་པ་བསྣམས་པ།

ནུབ་སྒོ་ལྕགས་སྒྲོག་མ་དམར་མོ་སྲིན་བྱའི་མགོ་ཅན་གཡས་ལྕགས་སྒྲོག་དང་། གཡོན་ཕུར་པ་བསྣམས་པ།

བྱང་སྒོ་དྲིལ་བུ་མ་ལྗང་གུ་ཁྲ་ཡི་མགོ་ཅན་གཡས་དྲིལ་བུ་དང་། གཡོན་ཕུར་པ་བསྣམས་པ།

མུ་རན་ལ་ཕུར་སྲུང་དམ་ཅན་གྱི་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའོ། །

གཉིས་པ་གནས་གསུམ་བྱིན་བརླབ་ནི།

སྙིང་ག་མགྲིན་པ་སྤྱི་བོ་རུ། །

ཟླ་བའི་དཀྱིལ་འཁོར་བསམ་ནས་ནི། །

རྡོ་རྗེ་པདྨ་འཁོར་ལོ་དག །

ཧཱུྃ་ཨཱ་ཨོཾ་གྱིས་མཚན་པ་ལས། །

ཐུགས་གསུང་སྐུ་ཡི་རྡོ་རྗེར་བསྒོམ། །

རྡོ་རྗེ་ཕྱག་རྒྱ་གནས་གསུམ་གཏུག་པ་དང་བསྟུན།

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ།

དེ་བཞིན་དུ་ཝཱཀྐ་དང་༔ ཀཱ་ཡ་སྦྱར༔

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔

ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔

གསུམ་པ་དབང་སྐུར་བ་ནི།

སྙིང་གར་གཞལ་མེད་ཁང་སྒོ་གཅིག་པའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་ཅན་གྱི་ནང་དུ་གནས་པའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་བསམ་ལ།

ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །

བྱམས་དང་སྙིང་རྗེ་གང་འདུལ་བ། །

སངས་རྒྱས་འཕྲིན་ལས་རྫོགས་མཛད་ཅིང་། །

དབང་དང་བྱིན་རླབས་བདག་སྩོལ་ཅིག །

རིགས་ལྔའི་དབང་རྒྱ་སྤྱི་བོར་བཞག་ལ།

ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ།

དེ་བཞིན་དུ་ཨཱ་དར་ཤ །པྲ་མ་ཏཱ། སྲ་དྱ་བེཤྵ་ཎ། ཀྲི་ཏི་ཨ་ནུཥྛི་ཞེས་བརྗོད།

ཨོཾ་མ་ཧཱ་ཨ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔

ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔

ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔

ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔

ལྔ་པ་སྤྱན་འདྲེན་ནི།

ཧཱུྃ། སྲིད་པ་ཕུར་པར་བསྒྲུབ་པ་དང་། །

དབང་དང་དངོས་གྲུབ་སྩོལ་བའི་ཕྱིར། །

ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །

ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །

རྟགས་དང་མཚན་མ་སྟོན་པ་དང་། །

རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ། །

ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎཱི་ཀ་དྲི་ཤྱ་ཧོཿ

དྲུག་པ་བཞུགས་གསོལ་ནི།

ཧཱུྃ། ཐུགས་མཆོག་གསལ་བའི་བྱིན་རླབས་ལས། །

ཞེ་སྡང་གནས་སུ་འཇོམས་པ་དང་། །

མེ་ལོང་ཡེ་ཤེས་འཐོབ་བྱའི་ཕྱིར། །

དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །

དཀྱིལ་འཁོར་དབུས་སུ་བཞགས་ནས་ཀྱང་། །

ཉོན་མོངས་མུན་པ་བསལ་དུ་གསོལ། །

ས་མ་ཡ་ཏིཥྛ་ལྷན།

བདུན་པ་ཕྱག་འཚལ་བ་ནི།

ཧཱུྃ། ཡང་དག་དོན་དུ་སྐུ་ནི་ཅིར་སྣང་ཡང་། །

བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ། །

འདུལ་བའི་དབང་དུ་རབ་རྔམ་མཆེ་བ་གཙིགས། །

ཧཱུྃ་དང་ཕཊ་ཀྱི་སྒྲས་ནི་ཀུན་ཀྱང་བཀང་། །

ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་ཡིས། །

བྱིན་རླབས་སྟེར་བའི་ལྷ་ལ་ཕྱག་འཚལ་ལོ། །

ཨ་ཏི་པཱུ་ཧོ།

པྲ་ཏིཙྪ་ཧོ།

བརྒྱད་པ་མཆོད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི།

ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །

ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །

འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །

དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །

ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ། པདྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤཔྟ་སརྦ་པཉྩ་རཀྟ་བ་ལིངྟ་ཁཱ་ཧི།

གཉིས་པ་ཁྱད་པར་རཀྟ་ཚར་གསུམ་ནི། ཕུད་དང་རཀྟ་བསྲེས། ཕོ་ཉ་ལ་བཀའ་བསྒོ་བའི་དོན་དུ་ཕུལ་ལ།

ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །

གདུག་ཅིང་སྡང་སེམས་ལྡན་པ་རྣམས། །

ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །

རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །

རིངས་པར་ཁུག་ལ་སྨྲར་ཆུག་ཅིག། །

ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །

ང་ཡི་དབང་དུ་གྱུར་ནས་ཀྱང་། །

བསྒོ་བའི་བཀའ་ནི་ཉན་པར་གྱིས། །

མ་ཧཱ་རཀྟ་ཁཱ་ཧི།

དམ་ཅན་གནད་དབབ་ཕྱིར་ཕུལ་ནས།

ཧཱུྃ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །

ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །

སྔོན་ཆད་ཇི་བཞིན་དམ་བཅས་པའི། །

མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །

མ་ཧཱ་རཀྟ་ཁཱ་ཧི།

མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་དབུལ་བ་ནི།

ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །

གདུག་ཅིང་སྡང་སེམས་ལྡན་པ་རྣམས། །

ལྷའམ་འོན་ཏེ་བདུད་ཀྱང་རུང་། །

ང་ལ་བར་ཆད་བྱེད་པ་རྣམས། །

མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །

མ་ཧཱ་རཀྟ་ཁཱ་ཧི།

དགུ་པ་བསྟོད་པ་ནི།

ཧཱུྃ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལ། །

ཁམས་གསུམ་འཁོར་བ་མིང་ཡང་མི་གྲགས་ཀྱང་། །

རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །

རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་ལ་བསྟོད། །

བཅུ་པ་འཛབ་དགོངས་ནི།

ཧཱུྃ། ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནས། །

སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་། །

བདེ་སྟོང་དབྱེར་མེད་ངང་ཉིད་ལས། །

ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར། །

པདྨ་ཟླ་བའི་གདན་ལ་བཞུགས། །

སྐྱོན་གྱིས་མ་གོས་གཏི་མུག་སེལ། །

ཡབ་ཡུམ་གཉིས་མེད་ཟག་མེད་སྐུ། །

སྐུ་མདོག་དཀར་གསལ་རྣམ་དག་དབྱིངས། །

རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །

ཤེས་རབ་བྱང་ཆུབ་སེམས་དང་ལྡན། །

རྟོགས་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས། །

མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད། །

བཅུ་གཅིག་པ་འཛབ་ལ།

ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡཱ་ཧཱུྃ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔

ཅེས་ཅི་ནུས་སུ་བཟླ།

སྨིན་པར་འདོད་ལ་གྲངས་ངེས་མེད། །
འདི་ལ་ཡི་དམ་བྱེད་པ་རྣམས། །
བར་ཆད་བདུད་ཀྱིས་མི་ཚུགས་ཤིང་། །
ཕྲིན་ལས་ཀུན་ལ་མངའ་བརྙེས་འགྱུར། །

སླར་ཡང་གཏང་རག་གི་མཆོད་བསྟོད་ཕུལ་ལ།

གཤེགས་པ་བྱ་བ་ནི།

ཧོ༔ སྔགས་ཀྱི་དངོས་གྲུབ་མ་ལུས་པ༔

དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང༔

རྨོངས་དང་མ་རིག་ཉོན་མོངས་པས༔

ཟིལ་གྱིས་ནོན་པ་བདག་ཅག་ནི༔

ཉེས་པ་དུ་མའི་སྣོད་ལགས་ཏེ༔

མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱི༔

ཐུགས་ལ་ཁྲོ་བ་མི་མངའ་ཡང༔

ལེགས་ཉེས་སྟངས་འཛིན་བདག་པོ་རྣམས༔

སྐྱོན་མཐོང་ཙམ་ན་ཆད་པ་གཅོད༔

འགལ་ཞིང་ནོངས་པ་ཅི་མཆིས་པ༔

མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔

ཡི་གེ་བརྒྱ་བ་ལན་གསུམ་གྱིས་སྙིང་ནས་བཤགས་པར་བྱའོ། །

ཉེར་བསྡུ་ནི།

ཧཱུྃ༔ སྣོད་བཅུད་ལྷ་དང་གཞལ་ཡས་སུ༔

ཤར་བ་དག་པའི་སྣོད་བཅུད་ཀྱང༔

རྟེན་ཉིད་བརྟེན་པར་ལྷ་རྣམས་ཀྱང༔

གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ༔

ཞབས་ཀྱུ་ནས་བཟུང་ནཱ་དའི་བར༔

རིམ་ཡལ་གདོད་མའི་གཤིས་སུ་ཨཱ༔

ཞེས་མཉམ་པར་བཞག

སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་བ་ནི།

སླར་ཡང་རིག་པ་བྱང་ཆུབ་སེམས༔

རྗེས་ཐོབ་གཉུག་མའི་ཧེ་རུ་ཀ༔

ཕྱག་རྒྱ་གཅིག་པའི་གནས་གསུམ་དུ༔

ཡི་གེས་མཚན་པས་རྣམ་རྟོག་བསྲུང༔

བཛྲ་རཀྵ་ཧཱུྃ༔

ཞེས་རྡོ་རྗེས་གོ་བགོ་ཞིང་།
ཡི་གེ་བརྒྱ་བས་བརྟན་པར་བྱའོ། །

དེ་ནས་བསྔོ་སྨོན་ནི།

ཧཱུྃ༔ སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང༔

བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས༔

མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ༔

ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག༔

ལན་གསུམ།

བཀྲ་ཤིས་ནི༔

ཧཱུྃ༔ གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ༔

སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལ༔

བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡིས༔

སྒྲོན་མའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོག༔

 

སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིང༔

འཕུར་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལ༔

གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི༔

ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔

 

འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན༔

པཎ་གྲུབ་ཆོས་རྒྱལ་འཛོམས་པ་ཆོས་འཁོར་གསུམ༔

མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས༔

རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག༔

 

ཅེས་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་ཆོ་ག་ཉུང་ངུ་འཁྱེར་བདེ་རུ་བཀོད་པ་འདི་ནི་སྐལ་ལྡན་གྱི་སློབ་མ་དད་ལྡན་འགའ་རེས་རང་གི་ཁ་ཏོན་དུ་བྱེད་སྙམ་ཡོད་པ་འགའ་ལ་མཁོ་བའི་ཕྱིར་དུ། དུས་མཐའི་སྔགས་སྨྱོན་གསང་མཚན་རྡོ་རྗེ་བདུད་འདུལ་གྱིས་པདྨ་ཆོས་འཕེལ་གླིང་ནས་མགོ་བ རྩམས་ཏེ་བྲག་དཀར་དབུ་རྒྱན་ཀ་རྒྱའི་སྒོམ་ཁང་ནས་གྲུབ་པར་མཛད་ཅིང་། བསྟན་འགྲོ་ལ་ཕན་པར་ཤོག་ཅིག་གུ། དགེའོ། །དགེའོ། །དགེའོ། །

 

རྡོ་རྗེ་བདུད་འདུལ།

Düpung Zilnön Vajrakīlaya

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept