བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔོན་འགྲོའི་ངག་འདོན་ཤིན་ཏུ་བསྡུས་པ༔

English | བོད་ཡིག

༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྔོན་འགྲོའི་ངག་འདོན་ཤིན་ཏུ་བསྡུས་པ་བཞུགས་སོ༔

 

ན་མོ་གུ་རུ་ཝེ༔

དང་པོ་བློ་ལྡོག་རྣམ་བཞིའི་ངག་འདོན་ནི༔

ན་མོ༔ བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེན༔

དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔

སྐྱེས་ཚད་མི་རྟག་འཆི་བའི་ཆོས་ཅན་ཡིན༔

དགེ་སྡིག་ལས་ཀྱི་རྒྱུ་འབྲས་བསླུ་བ་མེད༔

ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོའི་ངང་༔

དྲན་ནས་བདག་བློ་ཆོས་ལ་འགྱུར་བར་ཤོག༔

སྐྱབས་འགྲོ་ལ༔

འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔

བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔

སེམས་བསྐྱེད་ནི༔

ད་ནས་བཟུང་སྟེ་འཁོར་བ་མ་སྟོངས་བར༔

མ་གྱུར་སེམས་ཅན་ཀུན་གྱི་ཕན་བདེ་བསྒྲུབ༔

མཎྜལ་ནི༔

ཚེ་རབས་ཀུན་གྱི་ལུས་དང་ལོངས་སྤྱོད་དཔལ༔

ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ༔

རྡོར་སེམས་བསྒོམ་བཟླས་ནི༔

སྤྱི་བོར་བླ་མ་རྡོར་སེམས་དབྱེར་མེད་པའི༔

སྐུ་ལས་བདུད་རྩིའི་རྒྱུན་བབས་སྒྲིབ་སྦྱངས་གྱུར༔

ཨོཾ་བཛྲ་སཏྭ་ཧཱུྃ༔

བླ་མའི་རྣལ་འབྱོར་ནི༔

འོད་ཞུ་བདག་སྣང་དང་འདྲེས་མདུན་མཁའ་རུ༔

རྩ་བའི་བླ་མ་པདྨའི་སྐུར་བཞེངས་གྱུར༔

དེ་ནས་གསོལ་བ་འདེབས་པ་ནི༔

དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་སྐུ༔

རྩ་བའི་བླ་མ་དེ་ལ་གསོལ་བ་འདེབས༔

འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངས༔

དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔

བཛྲ་གུ་རུ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ༔

འཕོ་བ་ནི༔

མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས༔

ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔

ལུས་སྦྱིན་ནི༔

ད་ནི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔

མ་གྱུར་འགྲོ་ལ་ཕངས་པ་མེད་པར་བཏང་༔

འགྲོ་དོན་རླབས་ཆེན་གེགས་མེད་འགྲུབ་པར་ཤོག༔

 

འདི་ལྟར་ཚིག་དོན་ཡིད་ལ་བརྣག་གྱུར་ནས༔
དུས་རྣམ་ཀུན་ཏུ་ཉམས་སུ་ལེན་པ་ཡི༔
དམ་ལྡན་སྐྱེས་བུ་དམ་པ་གང་དེ་ཉིད༔
ཚེ་འདིར་རྣམ་མཁྱེན་ས་ལ་རེག་པར་བྱེད༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔

 

ཞེས་པ་འདི་ནི་རང་སློབ་རྣམས་ཀྱི་ཆེད་དུ་བདུད་འཇོམས་རྡོ་རྗེས་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།

 

བདུད་འཇོམས་གླིང་པ།

བདུད་འཇོམས་གླིང་པ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept