Concise Sojong for Three Sets of Vows—Tibetan

Vows & Commitments › Sojong | བོད་ཀྱི་བླ་མ།བདུད་འཇོམས་རིན་པོ་ཆེ།

English | བོད་ཡིག

བདུད་འཇོམས་རིན་པོ་ཆེ།

བདུད་འཇོམས་རིན་པོ་ཆེ།

Further information:
Download this text:

༄༅། །སྡོམ་པ་གསུམ་གྱི་གསོ་སྦྱོང་གི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ། །

 

ན་མོ་གུ་རུ་ཡེ།

དེའང་སྡོམ་པ་གསུམ་གྱི་ཉམས་ལེན་གནང་བཀག་གི་ཚུལ་ལས་ཉམས་པ་བྱུང་བ་རྣམས་སྦྱོང་ཞིང་ཡེ་ཤེས་ཡོན་ཏན་སླར་གསོ་བའམ་སྤེལ་བའི་ཐབས་ལ་འབད་པ་ནི་ལམ་ལ་ཞུགས་པའི་གང་ཟག་རྣམས་ཀྱི་ཉམས་སུ་ལེན་བྱའི་གཙོ་བོར་གྱུར་པ་ཡིན་ལ། དེའི་ཚུལ་ཡངཤིན་ཏུ་མང་བར་མཆིས་པ་ལས་འདིར་སྤྲོས་མེད་རྒྱུན་གྱི་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་ལ། རྟེན་གྱི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་བཤམ། བླ་མ་ཐུབ་པའི་དབང་པོ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་དུ་བཞུགས་པའི་དྲུང་དུ་གསོ་སྦྱོང་གི་བྱ་བ་ལ་འཇུག་པར་མོས་པས། ཐོག་མར་སོ་ཐར་དང་བྱང་སེམས་ཐུན་མོང་གི་ཉེས་ལྟུང་སྦྱོང་བའི་ཕྱིར། བྱང་ཆུབ་ལྟུང་བཤགས་ཚང་བར་བརྗོད་པའི་རྗེས་སུ་ཐེག་པ་ཆེ་ཆུང་གཉིས་ཀའི་དབང་དུ་བྱས་ཏེ་ཞི་གནས་གསོ་སྦྱོང་བྱ་སྟེ།

 

སྐར་མ་རབ་རིབ་མར་མེ་དང་། །

སྒྱུ་མ་ཟིལ་པ་ཆུ་བུར་དང་། །

རྨི་ལམ་གློག་དང་སྤྲིན་ལྟ་བུར། །

འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །

 

ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །

དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །

རྒྱུ་ལ་འགོག་པ་གང་ཡིན་པ། །

དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །

 

སྡིག་པ་ཅི་ཡང་མི་བྱ་ཞིང་། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

རང་གི་སེམས་ནི་ཡོངས་སུ་འདུལ། །

འདི་ནི་སངས་རྒྱས་བསྟན་པ་ཡིན། །

 

ལུས་ཀྱི་སྡོམ་པ་ལེགས་པ་ན། །

ངག་གི་སྡོམ་པ་ལེགས་པ་ཡིན། །

ཡིད་ཀྱི་སྡོམ་ལེགས་པ་ན། །

ཐམས་ཅད་དུ་ནི་སྡོམ་པ་ལེགས། །

ཐམས་ཅད་སྲུང་བའི་དགེ་སྦྱོང་དག །

སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །

ཞེས་དང་། སྤྲོ་ན།

ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བིབྷུཥྲི་ཏེ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭ་ཧཱ།

ཞེས་ཚུལ་ཁྲིམས་རྣམ་དག་གཟུངས་ལན་ཉེར་གཅིག་སོགས་གང་འགྲུབ་བཟླས་མཐར།

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །

ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །

རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །

ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །

ཅེས་དང་།

རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །

བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །

ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །

རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །

ཅེས་སྨོན་ལམ་གདབ།

དེ་ནས་སྨོན་འཇུག་བྱང་སེམས་ཀྱི་གསོ་སྦྱོང་གི་སླད་དུ། ཐོག་མར། ཇི་སྙེད་སུ་དག་སོགས་ནས། ཕྱིར་བསྔོའོའི་བར་གྱི་ཡན་ལག་བདུན་པས་ཚོགས་བསགས་ནས།

ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །

དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །

བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །

ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །

 

བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །

རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །

ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །

རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །

རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །

སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །

དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །

ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །

 

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །

བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

 

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །

ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །

དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །

བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །

རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །

ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །

སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །

དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །

ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །

རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །

འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །

དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །

གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །

བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །

མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །

འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །

མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །

འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །

བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །

བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །

རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །

དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །

ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །

 

ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་།

ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་།

བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ།

བདག་མིང་འདི་ཞེས་བགྱི་བས།

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

སངས་རྒྱས་རྣམས་སྐྱབས་སུ་མཆི། །

ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །

ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །

ཞེས་ལན་གསུམ་གྱིས་སྐྱབས་གསོལ་སྔོན་དུ་འགྲོ་བས།

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །

བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །

བྱང་ཆུབ་སེམས་དཔའི་བསླབ་པ་ལ། །

དེ་དག་རིམ་བཞིན་གནས་པ་ལྟར། །

དེ་བཞིན་འགྲོ་ལ་ཕན་དོན་དུ། །

བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །

དེ་བཞིན་དུ་ནི་བསླབ་པ་ལའང་། །

རིམ་པ་བཞིན་དུ་བསླབ་པར་བགྱི། །

ཞེས་ལན་གསུམ་གྱིས་བྱང་སྡོམ་བསྐྱར་དུ་བླངས་པས་སྔར་གྱི་སྡོམ་རྒྱུན་ཁ་གསོས་ལ།

དེང་དུས་བདག་ཚེ་འབྲས་བུ་ཡོད། །

མི་ཡི་སྲིད་པ་ལེགས་པར་ཐོབ། །

དེ་རིང་སངས་རྒྱས་རིགས་སུ་སྐྱེས། །

སངས་རྒྱས་སྲས་སུ་བདག་དེང་གྱུར། །

ད་ནི་བདག་གིས་ཅི་ནས་ཀྱང་། །

རིགས་དང་མཐུན་པའི་ལས་བརྩམས་ཏེ། །

སྐྱོན་མེད་བཙུན་པའི་རིགས་འདི་ལ། །

རྙོག་པར་མི་འགྱུར་དེ་ལྟར་བྱ། །

ལོང་བས་ཕྱག་བདར་ཕུང་པོ་ལས། །

ཇི་ལྟར་རིན་ཆེན་རྙེད་པ་ལྟར། །

དེ་བཞིན་ཇི་ཞིག་ལྟར་བལྟས་ནས། །

བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །

བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །

སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །

བར་དུ་བདེ་ལམ་གྲོན་དུ་བོས་ཟིན་གྱིས། །

ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །

བྱང་ཆུབ་སེམས་ནི་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །

སྐྱེ་པ་ཉམས་པ་མེད་པ་དང་། །

གོང་དུ་གོང་དུའཕེལ་བར་ཤོག །

བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །

བྱང་ཆུབ་སྤྱོད་ལ་གཞོལ་བ་དད་། །

སངས་རྒྱས་རྣམས་ཀྱི་ཡོངས་བཟུང་ཞིང་། །

བདུད་ཀྱི་ལས་རྣམས་སྤོང་བར་ཤོག །

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །

འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །

མགོན་པོ་ཡིས་ནི་གང་དགོངས་པ། །

སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །

སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །

ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །

བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །

དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །

ཅེས་དང་། སྤྲོ་ན།

ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱསྟི་དྷརྨ་ཏཱ་ད་ལི་ནཾ། ཨ་ས་མ་ས་མ་ས་མནྟཏོ། ནནྟཱ་བཱསྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨྲ་ར་ཎ། བི་ག་ཏ་རཱག་བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝན། མ་ཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་སཱ་ག་རེ་སྭཱ་ཧཱ།

ཞེས་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཉེར་གཅིག་སོགས་ཅི་ནུས་བཟླ།

དེ་ནས་སྔགས་ཀྱི་གསོ་སྦྱོང་ལ། ཐོག་མར་ཉམས་ཆག་སྦྱོང་བའི་ཆེད་དུ།

གནས་ཡུལ་བདེ་ཆེན་འབར་བའི་ཕོ་བྲང་དབུས། །

རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །

དཀར་གསལ་འཛུམ་ལྡན་རྡོ་རྗེ་དྲིལ་ཕྱག་ཅན།

ལོངས་སྐུའི་ཆས་རྫོགས་སྙེམས་མ་ཡུམ་དང་སྦྱོར། །

པད་ཟླར་སྐྱིལ་ཀྲུང་འཇའ་ལུས་སྒྱུ་མའི་སྐུ། །

འོད་གུར་ཀློང་ན་དགྱེས་པས་དགོངས་ཏེ་བཞུགས། །

ཞེས་མདུན་མཁར་རྡོ་རྗེ་སེམས་དཔའི་བསྒོམ་པ་ལ་དམིགས་རྟེན་བཅས་ཏེ།

ཨོཾ། ཡེ་ཤེས་སྐུ་མཆོག་སོགས་བརྗོད་མེད་དོན་བཤགས་ཀྱི་མཐར་ཡི་གེ་བརྒྱ་པ་ཉེར་གཅིག་སོགས་གང་འགྲུབ་བཟླས་པས་ཉམས་ཆག་སྦྱངས་ནས།

བླ་མ་རྡོར་སེམས་སྐུ་ཡི་གནས་བཞི་ལས། །

འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །

སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །

བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར། །

ཅེས་ལམ་དུས་ཀྱི་དབང་བླངས་པས་རྒྱུ་དུས་ཀྱི་དབང་བོ་ཡེ་ཤེས་གསོས་བཏབ་ལ།

ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །

དེ་འདྲ་ཁོ་ནར་བདག་གྱུར་ཅིག །

སྤྱོད་པ་རྨད་བྱུང་བསམ་ཡས་པ། །

འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །

བྱང་ཆུབ་སེམས་མཆོག་སྡོམ་པ་དང་། །

སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །

སྲོག་གི་ཕྱིར་ཡང་མི་གཏོང་ན། །

རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །

དུས་ངན་ཐ་མའི་འཇིག་རྟེན་འདིར། །

སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །

བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །

རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །

བདག་ཅག་བསམ་པ་འགྲུབ་གྱུར་ཅིག །

ཅེས་ལན་གསུམ་གྱིས་སྔགས་སྡོམ་ལས་མི་འདའ་བའི་དམ་བཅའ་བླངས་མཐར།

བླ་མ་རྡོར་སེམས་འོད་ཞུ་རང་ལ་ཐིམ། །

རིག་སྟོང་དོན་གྱི་རྡོར་སེམས་རང་ཞལ་བལྟ། །

ཞེས་མཉམ་པར་བཞག །དེ་ནས་རྗེས་ལ།

བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །

ཞེས་སོགས་སྔགས་ཀྱི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཟབ་མོས་རྒྱས་གདབ་པས་གྲུབ་བོ། །

 

ཞེས་སྡོམ་པ་གསུམ་གྱི་ཉམས་ལེན་གསོ་སྦྱོང་གི་ཚུལ་རྒྱས་པ་ལག་ཏུ་མི་ལོན་ཅིང་བསྡུས་པའི་གནད་དོན་བསྡུ་བར་མ་ཤེས་པ་རྣམས་ཀྱི་འཇུག་སྒོར་ཅུང་ཟད་ཕན་དུ་རེ་བས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྱེར་བདེ་དོན་ཚང་དུ་བསྡེབས་པ་དགེ། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept