ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་ལས་བྱང་བདེ་ཆེན་འདོད་འཇོ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་ལས་བྱང་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི།
མི་འགྱུར་སྟོང་ཉིད་མཛེས་མའི་ལང་ཚོ་ནི། །
ཟུང་འཇུག་བདེ་ཆེན་རྡོ་རྗེར་ཆགས་པའི་གར། །
རྣམ་པ་ཀུན་གྱི་མཆོག་ལྡན་མཚོ་རྒྱལ་མས། །
ཡིད་ལ་ལྷན་སྐྱེས་དགའ་བའི་བཀའ་དྲིན་སྩོལ། །
གང་གི་རྣལ་འབྱོར་དྲན་ཙམ་གྱིས། །
གྲུབ་གཉིས་འདོད་རྒུར་འཇོ་མཐོང་ནས། །
སྒྲུབ་ཅིང་མཆོད་པའི་ཐབས་ཀྱི་ཚུལ། །
འཇུག་བདེའི་ཁྲིགས་སུ་བསྡེབས་ལ་སྤྲོ། །
དེ་ཡང་ཟུང་འཇུག་མཆོག་གི་ཡེ་ཤེས་བདེ་བླག་ཏུ་བསྐྱེད་ཅིང་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་ཟབ་ལམ་མཁའ་འགྲོ་ཐུགས་ཀྱི་ཐིག་ལེའི་རྣལ་འབྱོར་འདི་ཁོ་ན་ཡིན་ཏེ། དེའི་ཚུལ་ཉམས་སུ་ལེན་པར་འདོད་པས། ཐོག་མར་ཇི་སྐད་དུ། དབེན་ཅིང་ཉམས་དགའ་བག་ཕེབས་ལ༔ མཁའ་འགྲོ་འདུ་བའི་གནས་རྣམས་སུ༔ ཞེས་དང་༔ མཚན་ཉིད་ལྡན་པའི་གནས་སུ་ཕྱིན༔ ས་ཡི་ཆོ་ག་ལ་སོགས་བྱ༔ དཀྱིལ་འཁོར་བཞེངས་ཤིང་སྒྲུབ་རྫས་བཀྲམ༔ མཆོད་གཏོར་དམ་རྫས་བག་དྲོ་བཤམ༔ མཚན་ཉིད་དང་ལྡན་པའི་གནས་སུ་སྒྲུབ་པའི་ཁང་པ་བྱི་དོར་གྱིས་མཛེས་པར་བྱ། གང་དུ་བྱ་བའི་གཞི་དེར་གཏོར་མ་དཀར་དམར་གཉིས་བཤམ་ལ།
རང་ཉིད་སྐད་ཅིག་གིས་བདུད་འདུལ་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་པར་མོས།
རཾ་ཡཾ་ཁཾ་གིས་བསང་སྦྱང་།
སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་པར་བསམ་ཞིང་།
ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ།
བྷུ་མི་པཱ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་ཞིང་སྐྱོང་གཞི་བདག་རྣམས་སྤྱན་དྲངས།
དཀར་གཏོར།
སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་གན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ལ།
གང་དག་འདིར་གནས་ལྷ་དང་ཀླུ། །
གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །
དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །
བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །
ཅེས་པས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ།
སརྦ་བྷུ་ཏ་ཨཱ་ཀཪྵ་ཡ་ཛཿས་ལན་ཆགས་ཀྱི་མགྲོན་རྣམས་བཀུག
གཏོར་མ་གཉིས་པ།
སརྦ་བིགྷྣཱཾན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནས་གྲྀཧྞ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ།
ཧཱུྃ༔ སྣང་སྲིད་དག་པ་རབ་འབྱམས་ལ༔
གཉིས་འཛིན་འཁྲུལ་པའི་མིང་ཡང་མེད༔
གློ་བུར་རྣམ་རྟོག་མ་རིག་བགེགས༔
བདག་མེད་ཆེན་པོར་མཚམས་བཅད་དོ༔
དྷརྨ་དྷཱ་ཏུ་རཀྵ་ཨ༔
ཞེས་ཚམ་རྔམས་དྲག་པོས་བསྐྲད་ནས་སྲུང་བའི་འཁོར་ལོས་བཅིངས་པར་བསྒོམ།
དེ་ནས་དཀྱིལ་འཁོར་འདུ་བྱ་བ་ནི། ཇི་སྐད་དུ། ཚོང་དུས་དང་ནི་སྨད་འཚོང་དང་༔ ཕོ་མོ་ཉལ་པོ་བྱས་པའི་སས༔ སྟེགས་བུ་སྐྱེ་གནས་དབྱིབས་སུ་བརྩིག༔ ཅེས་པ་བཞིན་དངོས་སུ་བརྩིག་པའམ། ལག་ལེན་བདེ་ཁྱད་དེར་མོས་པའི་སྟེགས་བུ་མདའ་གང་གྲུ་བཞི་པར་བདུད་རྩི་ལྔ་དང་ཅུ་གང་སིནྡྷུ་ར་ཆ་དང་སྦྱར་བས་ཆག་ཆག་གདབ།
དེའི་ཁར་རྡུལ་ཚོན་དམར་པོ་ཤས་ཆེ་བའི་ཆོས་འབྱུང་བསྣོལ་མ་ཕྱི་སྐོར་དུ་པད་ཕྲེང་རྡོ་ར་མེ་རི་རྣམས་ཀྱིས་བསྐོར་ཞིང་། ཆོས་འབྱུང་གི་ཟུར་དྲུག་ཏུ་དགའ་འཁྱིལ་དཀར་པོ་རེ་རེ། ལྟེ་བར་དགའ་བ་འཁྱིལ་བ་བྃ་ཡིག་གིས་མཚན་པའི་རྣམ་པར་བྲི་བ་ནི་འདོད་ཁམས་རྣམ་དག་སྐུ་སྤྲུལ་སྐུའི་དཀྱིལ་འཁོར།
དེའི་དབུས་སུ་མཉྫིའི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་ས་བོན་དང་བཅས་པ་བྲིས་ལ་རླན་གྱིས་མི་འཇིག་པ་བྱས་པའི་ནང་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་ལ་དར་དམར་བརྒྱད་ལྟེབ་ཀྱིས་ཁ་བཀབ་པ་ནི་གཟུགས་ཁམས་རྣམ་དག་གསུང་ལོངས་སྐུའི་དཀྱིལ་འཁོར། དེའི་སྟེང་དུ་མེ་ལོང་བདུད་རྩིས་བརླན་ཞིང་སིནྡྷུ་གསེང་རས་ཀྱིས་ཁྱབ་པར་བརྡལ་བ་ལ་ཐོད་ནང་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བྲིས་པ་འགོད་པ་ནི་གཟུགས་མེད་གནས་དག་ཐུགས་ཆོས་སྐུའི་དཀྱིལ་འཁོར་ཏེ།
དེར་སྨྱུག་མའི་སྒྲོམ་ལ་བརྟེན་པའི་དར་དམར་གྱི་གུར་ཕུབ། དཀྱིལ་འཁོར་གྱི་མཐའ་སྐོར་དུ་པདྨའི་སྣོད་ལ་སོགས་པར་གཏོར་མ་དམར་པོ་ཟླ་གམ་གྱི་དབྱིབས་ཅན་ཤ་ཆང་གིས་སྦྲན་པ། བདུད་རྩི། རཀྟ། ཆུ་གཉིས་ཉེར་སྤྱོད་ལྔ། གཞན་ཡང་དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཐོད་རྔ་རྐང་གླིང་ཧསྟ་གསུར་ཆེན་སོགས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་མཁའ་འགྲོ་མཉེས་པའི་དམ་རྫས་སུ་འོས་པ་རྣམས་མཐོང་བ་བརྒྱུད་པའི་ལག་ལེན་བཞིན་དུ་བཤམ་པར་བྱ་བ་རྣམས་ནི་སྦྱོར་བའོ། །
དེ་ནས་དངོས་གཞིའི་ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི།
སྒྲུབ་པ་པོ་བདེ་བའི་སྟན་ལ་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ།
མདུན་གྱི་ནམ་མཁར་བླ་མ་དང་། །
ཡེ་ཤེས་མཁའ་འགྲོ་དབྱེར་མེད་པ། །
སྐྱབས་ཡུལ་ཀུན་འདུས་ངོ་བོར་བཞུགས། །
ན་མོ༔ རང་རིག་ཡེ་ཤེས་མཁའ་འགྲོ་མར༔
འདུ་འབྲལ་མེད་པར་སྐྱབས་སུ་མཆི༔
མ་རྟོགས་གཉིས་འཛིན་འཁྲུལ་པའི་བློ༔
རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔
ལན་གསུམ།
ཚོགས་བསགས་པ་ནི།
ཨ༔ ཀ་དག་གཏིང་གསལ་མཁའ་འགྲོ་མར༔
ཆོས་ཉིད་མངོན་སུམ་མཐོང་བས་འདུད༔
ཉམས་སྣང་གོང་དུ་འཕེལ་བས་མཆོད༔
རིག་པ་ཚད་ལ་ཕེབས་པར་བཤགས༔
ཆོས་ཉིད་ཟད་ལ་རྗེས་ཡི་རང་༔
བརྗོད་མེད་ཆོས་འཁོར་བསྐོར་བར་བསྐུལ༔
འཕོ་བ་ཆེན་པོར་བཞུགས་གསོལ་འདེབས༔
དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔
ཞེས་ཚོགས་བསགས་མཐར།
ཚོགས་ཞིང་རང་ཐིམ་དབྱེར་མེད་དང་། །
སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར། །
བྱིན་དབབ་པ་ནི།
སྤོས་དང་རོལ་མོའི་བརྡས་བསྐུལ་ཏེ།
ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔
ཨ༔ ངོ་བོ་སྟོང་པའི་ཞིང་ཁམས་ནས༔
ཆོས་སྐུའི་མཁའ་འགྲོས་བྱིན་ཕོབ་ཅིག༔
རང་བཞིན་གསལ་བའི་ཕོ་བྲང་ནས༔
ལོངས་སྐུའི་མཁའ་འགྲོས་བྱིན༴
ཐུགས་རྗེ་ཀུན་ཁྱབ་གཞལ་ཡས་ནས༔
སྤྲུལ་སྐུའི་མཁའ་འགྲོས༴
སྐྱེ་མེད་དགོངས་ཉམས་ཡ་ལ་ལ༔
འགགས་མེད་སྔགས་སྒྲ་དི་རི་རི༔
སྣང་བ་འཇའ་སྐུར་ལམས་སེ་ལམ༔
སྣང་སྲིད་གཞིར་བཞེངས་བྱིན་ཕོབ་ལ༔
གློ་བུར་འཁྲུལ་པའི་བར་ཆད་སོལ༔
འདུ་འབྲལ་མེད་པར་དབང་སྐུར་ཅིག༔
ཛྙཱ་ན་ཨ་བེ་ཤ་ཡ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔
མཆོད་རྫས་བརླབ་པ་ནི།
ཧཱུྃ༔ ཀུན་བཏགས་སྣ་ཚོགས་སྣང་བའི་ཆོས༔
ཡོངས་གྲུབ་མཆོད་པའི་ཕུང་པོ་ནི༔
ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་ལས༔
ནམ་མཁའ་ལྟ་བུར་འཛད་པ་མེད༔
བཛྲ་སྥ་ར་ཎ་ཁཾ༔
ཞེས་མཁའ་ཁྱབ་ཏུ་སྤེལ།
དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི།
ཨཿ མ་བཅོས་ཀ་དག་དེ་བཞིན་ཉིད༔
ལྷུན་གྲུབ་ཀུན་སྣང་སྙིང་རྗེའི་རྩལ༔
སོར་རྟོག་ཡེ་ཤེས་ཡི་གེ་བྃ༔
མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔
འོད་འཕྲོས་མ་དག་དངོས་འཛིན་སྦྱངས༔
སྣོད་བཅུད་བདེ་ཆེན་པདྨ་འོད༔
ངོ་མཚར་དག་པའི་གྲོང་ཁྱེར་དབུས༔
པདྨ་ཉི་ཟླའི་གདན་སྟེང་དུ༔
རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔
བདེ་སྟོང་དབྱེར་མེད་དཀར་དམར་མདངས༔
མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔
ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔
ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཀྱིས༔
བདག་རྟོག་རྩད་གཅོད་གྲི་གུག་དང་༔
དངོས་གྲུབ་མཆོག་སྩོལ་ཐོད་པ་འཛིན༔
ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔
གཅེར་མོ་དར་དང་རིན་པོ་ཆེ༔
མེ་ཏོག་ཕྲེང་བ་དུ་མས་བརྒྱན༔
སྤྱི་བོར་ཐབས་མཆོག་རིགས་ཀྱི་བདག༔
པདྨ་གར་དབང་ཐོད་ཕྲེང་རྩལ༔
རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔
འཇའ་འོད་ཟེར་ཐིག་ཀློང་དུ་བརྗིད༔
གདན་གསུམ་སྐུ་ཡི་བཀོད་པ་ལ༔
རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔
མ་འདྲེས་ཏིལ་གོང་ཕྱུར་བཞིན་རྫོགས༔
གདོད་ནས་དམ་ཡེ་དབྱེར་མེད་གསལ༔
ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི།
ཐོད་རྔ་སོགས་རོལ་མོ་དབྱངས་དང་སྦྱར་ཏེ།
ཧཱུྃ༔ བདེ་ཆེན་སྐྱེ་མེད་ཕོ་བྲང་ནས༔
རང་བྱུང་འགགས་མེད་མཁའ་འགྲོའི་ཚོགས༔
ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་ལ༔
འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབ༔
བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོཿ
ཞེས་གནས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་སྤྲིན་འཐིབས་པ་བཞིན་དུ་བྱོན་པར་བསམ་ལ༔
བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནི།
ཧཱུྃ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔
སྒོ་གསུམ་རྡོ་རྗེའི་ངོ་བོར་བཞུགས༔
མཁའ་འགྲོ་སེམས་ཀྱི་སྒྱུ་འཕྲུལ་གར༔
ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོ༔
ས་མ་ཡ་ཏིཥྠ་ལྷན༔ ན་མོ་ཧོཿ
མཆོད་པ་འབུལ་བ་ནི།
ཧོཿ ཡུལ་དྲུག་འདོད་ཡོན་བཀོད་པའི་ཆོས༔
སྣང་ཡང་འཛིན་པས་མ་བསླད་པར༔
ཡེ་གྲོལ་མཆོད་པའི་སྤྲིན་དུ་ཤར༔
བདེ་བ་ཆེན་པོའི་ངང་དུ་འབུལ༔
ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔
ཧཱུྃ༔ ཡེ་ནས་མ་བཅོས་རིག་པའི་གཤིས༔
བདེ་ཆེན་མཁའ་འགྲོའི་རང་བཞིན་ཏེ༔
མངོན་སུམ་ལྷུག་པར་མཇལ་བའི་ངང་༔
ངོ་མཚར་ཆེན་པོས་ཕྱག་འཚལ་བསྟོད༔
བཟླས་པ་བྱ་བ་ནི།
གསལ་བརྟན་དག་དྲན་དང་ལྡན་པས།
ཐུགས་ཀར་ཉི་ཟླའི་གའུའི་སྦུབས༔
བྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔
འོད་འཕྲོས་བརྟན་གཡོའི་དངོས་ཀུན་ཁྱབ༔
སྣང་གྲགས་རྟོག་པའི་ཚེས་རྣམས་ཀུན༔
ལྷ་སྔགས་ཡེ་ཤེས་རོལ་པར་བལྟ༔
ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སིདྡྷི་ཧཱུྃ༔
ཞེས་བཟླས་པའི་སྐྱོན་ཐམས་ཅད་སྤང་ལ་ཏིང་ངེ་འཛིན་རྩེ་གཅིག་པས་བཟླ་བ་ནི་བསྙེན་པའོ། །
རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔
འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔
སྤྱི་བོའི་རིགས་བདག་ཐུགས་རྒྱུད་བསྐུལ༔
སྐུ་གསུང་ཐུགས་ཀྱི་དབང་བྱིན་ཀུན༔
འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔
རང་གི་གནས་བཞིར་ཐིམ་པ་ཡིས༔
དབང་བསྐུར་རྣམ་བཞིའི་བྱེད་ལས་ཀྱིས༔
བདེ་ཆེན་ཡེ་ཤེས་ཉམས་སུ་མྱོང་༔
ཞེས་སྤྲོ་བསྡུའི་དམིགས་གནད་དང་སྦྱར་ཏེ་གོང་བཞིན་བཟླ་བ་ནི་སྒྲུབ་པའོ། །
ཐུགས་སྲོག་ལས་བྱུང་འོད་ཟེར་སྤྲིན། །
ནམ་མཁའ་གང་བར་རབ་འཕྲོས་པས། །
གང་འདུལ་ཞི་རྒྱས་དབང་དྲག་གི །
ཕྲིན་ལས་ཐམས་ཅད་སྒྲུབ་པར་གྱུར། །
ཅེས་བསྒོམ་ལ་སྔགས་ཤམ་དུ།
ནད་གདོན་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔
ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཨོཾ༔
ཁམས་གསུམ་སྣོད་བཅུད་ཝཱ་ཤཾ་ཀུ་རུ་ཧོཿ
གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔
ཅེས་སོ་སོར་སྦྱར་ཏེ་བསྙེན་སྒྲུབ་ཀྱི་འགྲོས་བཞིན་བཟླ་བ་ལས་སྦྱོར་རོ། །
ཐུན་མཚམས་སུ་གཏོར་མ་ལ་སྨན་རག་སྦྲན་ཅིང་།
རཾ་ཡཾ་ཁཾ་གིས་བསང་།
ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ།
བསྙེན་སྔགས་མཐར།
མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།
ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ།
ཧཱུྃ༔ བདེ་ཆེན་རྡོ་རྗེ་མཁའ་འགྲོ་མ༔
སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔
ཡོངས་རྫོགས་མཁའ་འགྲོ་ཀུན་གྱི་གཙོ༔
འཁོར་ལོས་སྒྱུར་བ་སྟོབས་ཆེན་མོ༔
དངོས་གྲུབ་ཕྲིན་ལས་ཀུན་གྱི་བདག༔
ཆོས་དབྱིངས་འོག་མིན་མཁའ་སྤྱོད་ཞིང་༔
ཨོ་རྒྱན་གནས་སུ་རྟག་ཏུ་བཞུགས༔
ཞིང་དང་སྐུ་ཡི་བཀོད་པའི་ཚོགས༔
རེ་རེ་ལ་ཡང་མཁའ་འགྲོ་འབུམ༔
གར་གྱི་རྣམ་འགྱུར་བསམ་ལས་འདས༔
འགྱུར་བ་མེད་པའི་མཁའ་འགྲོ་འབུམ༔
གསུང་དབྱངས་ནམ་མཁའ་ཁྱབ་པ་ལ༔
ཚངས་པའི་གླུ་ལེན་མཁའ་འགྲོ་འབུམ༔
རྟོག་མེད་རྣམ་ཐར་གསུམ་དབྱིངས་ལས༔
ཐུགས་རྗེ་རོལ་པའི་མཁའ་འགྲོ་འབུམ༔
རྒྱན་དང་ཡོན་ཏན་ལོངས་སྤྱོད་ལས༔
བསམ་མི་ཁྱབ་པའི་མཁའ་འགྲོ་འབུམ༔
འགྲོ་བའི་དོན་མཛད་ཕྲིན་ལས་བཞི༔
ལྷུན་གྱིས་གྲུབ་པའི་མཁའ་འགྲོ་འབུམ༔
ཡེ་ཤེས་དང་ནི་ལས་ལས་གྲུབ༔
འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔
ཀུན་ཀྱང་བདུད་རྩི་རཀྟ་དང་༔
འདོད་ཡོན་གཏོར་མའི་མཆོད་པ་བཞེས༔
ཕྱི་ནང་གསང་བའི་བར་ཆད་སོལ༔
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔
ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔
ཞེས་ཅང་ཏེའུ་སོགས་རོལ་མོའི་སྒྲ་དང་བཅས་པས་གཏོར་མ་ནམ་མཁར་འབུལ་ལོ། །
དེ་ནས་ཁྱད་པར་གྱི་དམ་ཚིག་ཚོགས་ཀྱི་འཁོར་ལོས་མཆོད་པ་ནི། ཇི་སྐད་དུ།
རྣལ་འབྱོར་ཕོ་མོ་དབེན་པར་ཚོགས༔
ཤིན་ཏུ་རྒྱན་གྱིས་བརྒྱན་ནས་སུ༔
མ་ད་ན་དང་བཱ་ལ་སོགས༔
དམ་ཚིག་རྫས་རྣམས་འདུ་བྱས་ལ༔
ཞེས་པ་ལྟར་དཀྱིལ་འཁོར་གྱི་སྣམ་ལོགས་སུ་དར་རས་ལ་ཆོས་འབྱུང་བསྣོལ་མ་དམར་པོ་བྲིས་པའི་ཁར་མ་ད་ན་སོགས་བཏུང་བའི་བྱེ་བྲག་དང་། དགའ་བ་འཁྱིལ་བ་དཀར་པོ་བྲིས་པའི་ཁར་བཱ་ལ་སོགས་བཟའ་བའི་དམ་རྫས་རྣམས་བཀོད། བདུད་རྩིས་བསང་གཏོར་བྱས་ལ།
ཧཱུྃ༔ རང་རིག་རྩལ་ལས་རཾ་ཡཾ་ཁཾ༔
འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔
བཟའ་བཏུང་ལོངས་སྤྱོད་དམ་ཚིག་རྫས༔
ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔
ཨོཾ་ཨཱཿཧཱུྃ༔
ལན་གསུམ་གྱིས་བྱིན་བརླབ།
ཚོགས་ཞིང་སྤྱན་དྲང་བ་ནི།
སྤོས་བཏུལ་ཞིང་ཐོད་རྔ་སོགས་རོལ་མོ་དབྱངས་དང་བཅས་པས།
ཧཱུྃ༔ འོག་མིན་བདེ་ཆེན་པདྨ་འོད༔
ངོ་མཚར་ཞིང་ཁམས་བསམ་ཡས་ནས༔
ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔
འདོད་ཡོན་ཚོགས་ཀྱི་འདུ་བར་གཤེགས༔
དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔
རུས་པའི་རྒྱན་ཆ་ཁྲ་ལ་ལ༔
དར་གྱི་ཅོད་པན་པུ་རུ་རུ༔
ཌཱ་རུ་ཅང་ཏེ་ཁྲོ་ལོ་ལོ༔
གཡེར་ཁ་དྲིལ་བུ་སི་ལི་ལི།
བརྡ་སྐད་བཤུག་གླུ་ཀྱུ་རུ་རུ༔
འཁྲིལ་སྦྱོར་བདེ་ཉམས་གར་སྟབས་བསྒྱུར༔
རྡོ་རྗེའི་གླུ་དང་ཛཔྲ་དབྱངས་ལྡིར༔
ཐུགས་ཀྱི་དགོངས་པ་འོད་གསལ་དབྱིངས༔
རྣལ་འབྱོར་ཕོ་མོའི་འདུ་བ་ལ༔
ད་ལྟ་ཉིད་དུ་གཤེགས་སུ་གསོལ༔
ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང་༔
འདོད་ཡོན་རྡོ་རྗེའི་དམ་ཚིག་རྫས༔
ཅིར་སྣང་ལྷ་དང་སྔགས་ཀྱི་སྒྲ༔
ཡེ་ཤེས་ཆེན་པོར་བྱིན་ཕོབ་ཅིག༔
ཨེ་ཨ་རལླི་ཧྲཱིཾ་ཕེཾ་ཛཿ
ཞེས་སྤྱན་དྲངས།
ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ཏེ།
དང་པོ་མཆོད་པ་ནི།
ཧོཿ སྣ་ཚོགས་སྣང་བ་ཕྱི་ཡི་ཚོགས༔
རང་བྱུང་འདོད་ཡོན་ནང་གི་ཚོགས༔
གཉིས་མེད་འཛིན་བྲལ་གསང་བའི་ཚོགས༔
བློ་འདས་གཉུག་མའི་ངང་དུ་འབུལ༔
གྷ་ཎ་ཙཀྲ་པཱུ་ཛ་ཧོཿ
བར་པ་བཤགས་པ་ནི།
ཨ༔ ཡེ་གྲོལ་ཕྱལ་པའི་དམ་ཚིག་ལ༔
འགལ་དང་བཤགས་བྱ་མི་དམིགས་ཀྱང་༔
གློ་བུར་ལྟར་སྣང་འཁྲུལ་པའི་སྒྲིབ༔
ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔
ས་མ་ཡ་ཤུདྡྷེ་ཨ༔
ཐ་མ་བསྒྲལ་བསྟབ་ནི།
ཚོགས་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ནས།
ཎྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བྃ་ཧོཿས་དགྲ་བགེགས་བཀུག་ཅིང་བསྟིམ་སྟེ།
ཧཱུྃ༔ གཟུང་འཛིན་རྟོག་པའི་རུ་དྲ་ཀུན༔
བདག་མེད་རིག་པའི་མཚོན་གྱིས་བསྒྲལ༔
མཉམ་པ་ཉིད་ཀྱི་དབྱིངས་སུ་བསྟབ༔
ཞེན་མེད་བདེ་བ་ཆེན་པོར་རོལ༔
ཨ་ཨ་ཨ༔
ཞེས་བསྒྲལ་ཞིང་སྟོབ།
འདིར་ཐུགས་དམ་སྐོང་ཞིང་ཉམས་ཆག་བཤགས་པའི་རིམ་པ་གཞན་སྦྱར་བར་འདོད་ནའང་སྤྲོས་པས་ཆོག་གོ །
དེ་ནས་ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་རྣམས་ལག་པ་པདྨའི་གར་གྱིས་སྟོབ་ཅིང་། ལེན་པས་རྡོ་རྗེའི་གར་གྱིས་བླངས་ཏེ་བདེ་སྟོང་གཉིས་མེད་ཟུང་འཇུག་ཏུ་སྦྱོར་བའི་ཚུལ་གྱིས་འདོད་ཡོན་ལ་ཚིམས་པར་ལོངས་སྤྱད་དེ་ཉམས་སྦར།
སྤྲོ་ན་རྡོ་རྗེའི་གླུ་ཡང་བྱ་སྟེ།
འགྲོ་བ་ཀུན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །
རྣལ་འབྱོར་མ་ནི་འཁོར་ལོའི་རང་བཞིན་དུ་གནས་ཀྱི། །
ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །
སྙིང་རྗེས་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱའོ། །
གང་གིས་དོན་དམ་པ་ནི་མ་བསྒོམས་པར། །
དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ། །
ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས། །
འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །
ཞེས་པའི་ཤླཽ་ཀ་གཉིས་སོ་སོའི་མཐར།
ཨ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །
ལྷན་སྐྱེས་མཛེས་མས་བླངས་ནས་བདེ་བ་ཆེ་ལ་མནོས། །
ཞེས་དྲུག་འགྱུར་དུ་བླང་ངོ་།
ལྷག་མ་གཏོང་བ་ནི།
ཚོགས་ལ་རོལ་པའི་ལྷག་མ་བསྡུས་པའི་ཁར་ཕུད་ལྷག་བསྣན་ལ་བདུད་རྩིའི་ཞལ་ཕྲུ་སྦྲེང་ཞིང་།
ཨོཾ་ཨཱཿཧཱུྃ་གིས།
འདོད་ཡོན་རྡོ་རྗེའི་དམ་ཚིག་ནམ་མཁའ་གང་བའི་བདུད་རྩིའི་སྤྲིན་དུ་གྱུར་པར་བསམ།
ཕེཾ།
ཞེས་འབར་བའི་རྒྱས་ལྷག་མགྲོན་རྣམས་སྤྱན་དྲངས་ལ།
ཀུན་སྣང་འདོད་ཡོན་ལྷག་གཏོར་འདི༔
ཀུན་རྟོག་ལྷག་སྡུད་མགྲོན་ལ་འབུལ༔
མ་རིག་འཁྲུལ་པར་གོལ་བའི་དཔུང་༔
གཞི་ལ་དག་པའི་ཕྲིན་ལས་མཛོད༔
ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔
ཞེས་ཕྱི་རོལ་དུ་འབུལ།
མཁའ་འགྲོ་མ་ཡི་གྲོང་ཁྱེར་དུ། །
ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །
བདག་གཞན་འགྲོ་བ་མ་ལུས་པ། །
དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །
ཅེས་སྨོན་ལམ་གྱི་རྒྱས་གདབ།
འདིར་གཞུང་དུ་གཏོར་སྐྱོང་མི་འབྱུང་བས་མ་བཏང་ཀྱང་ཆད་པར་མི་འགྱུར་མོད། སྤྲོས་པ་ལ་དགའ་ན་རིགས་མཐུན་གྱི་ཆོ་ག་ལས་བླངས་ཏེ་བྱའོ། །
དེ་ནས་དངོས་གྲུབ་བླང་བ་ནི།
ཧོཿ ཡེ་ཤེས་མཁའ་འགྲོའི་གསང་གསུམ་གྱི༔
དངོས་གྲུབ་བདུད་རྩིའི་དབྱིག་ཆེན་པོ༔
སྒྲུབ་མཆོག་བདག་ལ་སྩལ་ནས་ཀྱང་༔
སྒོ་གསུམ་རྡོ་རྗེར་སྨིན་གྲོལ་མཛོད༔
འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས། །
རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །
འགགས་མེད་གསུང་གི་དཀྱིལ་འཁོར་ནས། །
མི་ཤིགས་དབྱངས་ཀྱི་དངོས་གྲུབ་སྩོལ། །
འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །
འོད་གསལ་མཆོག་གི་དངོས་གྲུབ་སྩོལ། །
བསམ་ཡས་ཡོན་ཏན་དཀྱིལ་འཁོར་ནས། །
འདོད་འབྱུང་ཡིད་བཞིན་དངོས་གྲུབ་སྩོལ། །
ཐོགས་མེད་ཕྲིན་ལས་དཀྱིལ་འཁོར་ནས། །
གང་འདུལ་འགྲོ་དོན་དངོས་གྲུབ་སྩོལ། །
ཐུན་མོང་ལས་བཞིའི་དངོས་གྲུབ་སྩོལ། །
ཁྱད་པར་དབང་བཅུའི་དངོས་གྲུབ་སྩོལ། །
བླ་མེད་མཆོག་གི་དངོས་གྲུབ་སྩོལ། །
སརྦ་སིདྡྷི་ཕ་ལ་ཧོཿ
ཞེས་བསྐུལ་ཏེ་ཀ་པཱ་ལའི་བདུད་རྩི་རོལ། མེ་ལོང་གི་སིནྡྷུ་ར་ཕྱིས་ཏེ་སྙིང་གར་ཐིག་ལེ་བྱའོ། །
སླར་ཡང་གཏང་རག་གི་དོན་དུ་མཆོད་ཅིང་བསྟོད་ནས། ནོངས་པ་བཤགས་པ་ནི།
ཧོཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔
མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔
ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔
འོད་གསལ་གཉུག་མའི་ངང་དུ་བཤགས༔
ཨ་ཨ་ཨ༔
རྟག་ཆད་ཀྱི་མཐའ་བསལ་བ་ནི།
ཧོཿ རིག་པ་རང་ཤར་མཚན་མའི་ལྷ༔
གཉིས་མེད་བློ་འདས་ཆེན་པོར་བརྡལ༔
སླར་ཡང་ཟུང་འཇུག་སྒྱུ་མའི་རྩལ༔
སྣོད་བཅུད་ཡེ་ཤེས་རོལ་པར་ཤར༔
ཨོཾ་ཨཱཿཧཱུྃ༔
ཞེས་སྒོ་གསུམ་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྒྱས་གདབ།
དགེ་བ་བསྔོ་བ་ནི།
ཧོཿ དུས་གསུམ་བསགས་པའི་དགེ་ཚོགས་ཀུན༔
དམིགས་མེད་མཐའ་བྲལ་ཀློད་དུ་བསྔོ༔
ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔
དག་མཉམ་ཆེན་པོར་སངས་རྒྱས་ཤོག༔
ཤིས་པར་བྱ་བ་ནི།
རྩ་གསུམ་མཁའ་འགྲོའི་བྱིན་རླབས་མཐུས༔
བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔
འགལ་རྐྱེན་ཀུན་ཞི་བསམ་དོན་འགྲུབ༔
འགྲོ་ཁམས་དོང་སྤྲུགས་བཀྲ་ཤིས་ཤོག །
ཅེས་མེ་ཏོག་གི་ཆར་དབབ་པས་ཀུན་ཏུ་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ། །
ཚུལ་དེ་ལྟ་བུའི་སྒོ་ནས་ཉམས་སུ་བླངས་པའི་ཡོན་ཏན་ནི། ཇི་སྐད་དུ།
དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི༔
ངེས་རྫོགས་ཉམས་སུ་བླང་བ་ན༔
བླ་མེད་འབྲས་བུ་ཐོབ་པར་འགྱུར༔
མོས་སྒོམ་བསྙེན་སྒྲུབ་ཙམ་བགྱིས་ཀྱང་༔
དངོས་གྲུབ་སྣ་རེ་ངེས་པར་ཐོབ༔
ཚུལ་མཐུན་ཚོགས་འཁོར་རེ་རེ་ཡིས༔
ལམ་རྟགས་ཡོན་ཏན་གོང་དུ་སྤར༔
རྗེས་མཐུན་དག་པའི་མཆོད་པ་ཡིས༔
ཉམས་པ་སྐོང་ཞིང་ཚོགས་ཆེན་རྫོགས༔
དེར་འདུས་སྡིག་པ་ཀུན་བྱང་ནས༔
ཐར་པའི་འབྲས་བུ་ཐོབ་པར་འགྱུར༔
དད་མེད་ཉམས་པ་རྣམས་ལ་མིན༔
ཤིན་ཏུ་མོས་པས་ཉམས་པའང་གསོ༔
དངོས་གྲུབ་སྣོད་དུ་འགྱུར་བར་ངེས༔
ཞེས་གདམས་པ་ནི་མི་བསླུ་བའི་ཚད་མ་ཉིད་དུ་ངེས་པའོ། །
ལྷན་ཅིག་སྐྱེས་མའི་ཉེ་རྒྱུ་གང་། །
མྱུར་བདེའི་འཇུག་ངོགས་གཅིག་པུ་སྟེ། །
དེ་ཡི་ཐབས་ཚུལ་སྙིང་པོའི་བཅུད། །
སྐལ་བཟང་འདོད་འཇོའི་དཔྱིད་དུ་ཕྱེས། །
དགའ་བཞིས་རྣམ་པར་རྩེན་པ་འོག་མིན་ཞིང་། །
མཁའ་སྤྱོད་གྲོང་ཁྱེར་མཛེས་པའི་དོ་ར་རུ། །
ཤེས་རབ་དགའ་མས་བདག་སོགས་མདུན་བསུས་ཏེ། །
ཧེ་རུ་ཀ་དང་ལྷན་ཅིག་གར་བྱེད་ཤོག །
ཅེས་པའང་ཆོས་ཀྱི་བདག་པོར་གྱུར་པའི་སྐལ་ལྡན་རྣམས་ཀྱི་ཉམས་བཞེས་འཇུག་པ་བདེ་བའི་ཕྱིར་རྩ་བའི་གཞུང་ལ་གསལ་བྱེད་ཁ་སྐོང་གིས་ཅུང་ཟད་བརྒྱན་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཉི་མའི་ལོ་མགོ་ཉ་བའི་ཤེས་རབ་ཀྱི་ཆའི་ཌཱ་ཀི་འདུ་བའི་དུས་བཟང་པོར་ངོ་མཚར་བསམ་རྒུ་འགྲུབ་པའི་གནྡྷོ་ལ་འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་དུ་སྦྱར་བ་ཟུང་འཇུག་ཡེ་ཤེས་མཁའ་འགྲོ་མའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ༎ །།
