དོན་གྱི་སྤྱན་རས་གཟིགས།
༄༅། །དོན་གྱི་སྤྱན་རས་གཟིགས།
ཨ། མ་བཅོས་རིག་སྟོང་རྗེན་པ་འདི། །
ཡེ་ཡིན་དོན་གྱི་སྤྱན་རས་གཟིགས། །
ཀ་དག་དྲི་མེད་དཀར་གསལ་སྐུ། །
ལྷུན་གྲུབ་ལོངས་སྐུའི་ཆ་ལུགས་ཅན། །
ཐུགས་རྗེས་འགྲོ་འདུལ་ཕྲིན་ལས་རྫོགས། །
གདོད་ནས་རང་དང་ལྷན་ཅིག་སྐྱེས། །
དམ་ཚིག་ཡེ་ཤེས་གཉིས་སུ་མེད། །
སྣང་གྲགས་ཆོས་ཉིད་གཉུག་མའི་ངང་། །
སྤང་བླང་བྱ་རྩོལ་བྲལ་བའི་ཀློང་། །
འོད་གསལ་ཁོར་ཡུག་ཏིང་འཛིན་གྱིས། །
འཁོར་འདས་ཡེ་དག་འགྲོ་དོན་གྲུབ། །
རང་བྱུང་རིག་པ་ངོ་མཚར་ཆེ། །
ཨོཾ་མ་ཎི་པདྨེ་ཧཱུྃ།
ཞེས་པའང་འཇིགས་མེད་ཆོས་དབྱིངས་ནོར་བུའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
