བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཕྱག་ཆེན་གྱི་བཞག་ཐབས།

English | བོད་ཡིག

༄༅། །ཕྱག་ཆེན་གྱི་བཞག་ཐབས་བཞུགས་སོ།།

བླ་མའི་མཐར་ཐུག་རྒྱལ་མཆོག་ཀརྨཔ། །རིམ་པར་བྱོན་ལ་སྒོ་གསུམ་གུས་བཏུད་དེ། །ཆོས་ཀྱི་རྒྱལ་པོའི་མདུན་ན་འདོན་ཆེན་པོ། །རྒྱལ་རིགས་དེ་ཡི་དོན་གཉེར་བརྗོད་པར་བྱ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་འཁོར་འདས་ཐམས་ཅད་ཀྱི་རང་བཞིན་སྣང་བ་དང་། སྟོང་པ་ཟུང་འཇུག་ཅིག་ཡིན། འཁོར་འདས་ཀྱི་ཁྱད་པར། ཐར་པ་ནོར་པ་ཟད་ཙམ་ཡིན། ཞེས་གསུངས་པས་འཁྲུལ་པའི་ཚེ་འཁོར་བ། དེ་སངས་ན་མྱང་འདས་ཡིན། འཁྲུལ་པ་འདི་ལ་རྣམ་རྟོག་ཅེས་བྱ་སྟེ། འཁོར་བརྣམ་རྟོག་ཙམ་ཉིད་ཡིན། རྣམ་རྟོག་མེད་ན་མྱང་འདས་ཡིན། ཞེས་གསུངས། དེའི་ཚེ་འཁོར་བའི་གནས་སྐབས་འདི་གཞི་ཕྱག་རྒྱ་ཆེན་པོ། འཁོར་བ་སྤོང་བའི་སྒོམ་པ་ལམ་ཕྱག་ཆེན། འཁོའ་བ་སྤངས་ནས་སངས་རྒྱུས་ཐོབ་པ་འབྲས་བུའི་ཕྱག་ཆེན་ཡིན། དེ་ལས་ལམ་སྒོམ་ཆུལ་ལ། གོ་བྱའི་ལྟ་བ། ལྟ་བ་དེ་དང་མཐུན་པར་སྒོམ་པ། སྒོམ་པ་དེའི་བོགས་འདོན་སྤྱོད་པ་དང་གསུམ། དང་པོ་ནི། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་ཚུལ་ཡིན། སེམས་ལས་ལོགས་ན་མེད། དཔེར་ན་གཉིད་ཀྱི་རྨི་ལམ་དང་འདྲ། དེས་ན་རྗེ་ནཱ་རོ་པས། ཆོས་རྣམས་ཐམས་ཅད་རང་གི་སེམས། ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་དུ་ངོ་བོས་སྟོང་། །ཞེས་གསུངས། སེམས་འདི་ལ་རང་གིས་བལྟས་པས་ཁ་སང་དང་དེ་རིང་མི་གཅིག །ད་ནང་དང་ད་ལྟ་མི་གཅིག་སྐ་ཅིག་ལ་ཡང་འགྱུར་བའི་ཆོས་མི་རྟག་པ་སྟོང་པ་ཞིག་ཡིན། རྒྱུད་ལས། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་མཚན་ཉིད་དོ། ཞེས་གསུངས། ཡང་སྟོང་པ་ཅང་མེད་མ་ཡིན་ཏེ་ད་ལྟར་ཉིན་སྣང་དང་མཚན་སྣང་འགག་མེད་འཆར། ཤི་ན་བར་དོའི་སྣང་བ་དང་སྐྱེ་བ་ཕྱི་མའི་སྣང་བ་འཆར་བས་སྣང་བ་བཀག་མི་ཐུབ། དཔེར་ན་ཆུ་ནང་གི་ཟླ་གཟུགས་ལྟར་ངོ་བོ་སྟོང་པ་ཡིན་ཀྱང་རྣམ་པ་སྣང་བ་ཡིན། རྒྱུད་ལས། བདེན་མིན་རྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པ་རྣལ་འབྱོར་པས་ཤེས་གྱིས། ཞེས་གསུངས། ལྟ་བའི་གནས་ལུགས་འདི་ཕྱིན་ཅི་མ་ལོག་པར་བཅོད་མིན་དུ་རྟོགས་ན་རང་གྲོལ་ཞེས་བྱ་སྟེ། དཔེར་ན་ཐག་ཁྲ་སྦྲུལ་དུ་མཐོང་ནས་སྐྲག་པ་ལས་ཕྱིས་ཐག་པར་མཐོང་ཚེ། དེ་ནས་སྦྲུལ་བསལ་བྱ་མེད། སྔར་མེད་པའི་ཐག་པ་གསར་དུ་བཞག་རྒྱུ་མེད། ཐག་པ་ཐག་པར་ཤེས་ནས་བཞག་པ་དེ་ཁས་ཆོག །རྒྱལ་བ་བྱམས་པས། འདི་ལ་བསལ་བྱ་ཙམ་ཡང་མེད། །བཞག་པར་བྱ་བ་ཅུང་ཟང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །དོན་གཉིས་པ་སྒོམ་པ་ཉམས་ལེན་ནི་མཉམ་བཞག་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན། དེ་ལ་སྔོན་ཆད་དགྲར་བཟུང་ནས་གནོད་བསྐྱལ་བས་གཞན་སྡུག་བཅུག་པ་དེའི་རྣམ་སྨིན་ཀ་བའི་འབྲེང་ལྕག་ལྟར་རང་ཡང་སྡུག་བསྔལ་འཁོར་བར་འཁྱམས་པ་ཡིན། ད་དེ་ལས་བཟློག་ནས་རང་གིས་གཞན་ལ་ཕན་འདོགས། གཞན་གྱིས་རང་ལཕན་འདོགས། རང་གཞན་གཉིས་ཀའི་དོན་འགྲུབ་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་སེམས་བསྐྱེད། བླ་མ་སྤྱི་བོར་བསྒོམས། ལུས་ལུས་གནད་གྱིས་ལ་བྱ་བྱེད་གཞན་སྤངས་པ་ལུས་དབེན། ངག་བླ་མ་ལ་གསོལ་བ་ཐོབ་ལ་རླུང་རང་བབས་བཞག་པ་ངག་དབེན། དེ་ནས་སེམས་འདས་པའི་རྗེས་མི་བཅད་སྔར་འདི་བྱས་འདི་བྱུང་མ་བསམ། མ་འོངས་པའི་སྔུན་མི་བསུ་སྟེ་ཕྱིན་ཆད་འདི་ཡོང་འདི་བྱེད་མ་བསམ། ད་ལྟ་ཡིད་ལ་མ་བྱེད་པར་འདི་རེད་འདི་མ་རེད་ཡོད་མེད་ཡིན་མིན་ཅི་ཡང་མ་བསམ་པར་ཚོགས་དྲུག་སྣང་ཙམ་ལ་དེ་འཛིན་ཅི་ཡང་མེད་པའི་ངང་དུ་བཞག་པ་སེམས་དབེན། དེ་གསུམ་ལ་ཡང་ཡང་དྲན་པ་དང་བརྩོན་འགྲུས་གྱིས་ལ་ཞོག རྗེ་མར་པའི་མགུར་ལས། ཐེག་པའི་མཐར་ཐུག་སྙིང་པོའི་དོན། མཐའ་བྲལ་ཡིད་ལ་མི་བྱེད་པ། ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། ཕྱི་གཟུང་བ་ཡུལ་གྱི་སྣང་བ་འདི། གདལ་བཆེན་པོར་རྒྱུན་ཆད་མེད། ནང་འཛིན་པ་ཡིད་ཀྱི་རྣམ་ཤེས་འདི། སྐྱེ་མེད་ཆོས་ཀྱི་སྐུ་རུ་རྟོགས། ཞེས་དང་། ཏེ་ལོ་པས། སྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་ཐོབ། ཅེས་གསུངས། དོན་གསུམ་པ་སྤྱོད་པ་ནི་རྗེས་ཐོབ་སྟེ། ཆོས་རྒྱུད་ལ་ཡོད་མེད་སྤྱོད་པ་ལ་རག །སྤྱོད་པ་ཆོས་དང་མི་མཐུན་ན་ལྟ་སྒོམ་བྱེད་རྒྱུ་མེད་པའི་ཁ་བཤད་ཡིན། ཡང་ན་ལྟ་སྒོམ་ཕྱིན་ཅི་ལོག་པའི་རྟགས་ཡིན། དེས་ན་སྤྱོད་པ་ནི། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལས་དགེ་བ་སྤྱད་ན་འབྲས་བུ་བདེ་བ་དང་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་བསླུ་མེད་ཡིན། དཔེར་ན་རྒྱུ་ནས་ཀྱི་ས་བོན་ལ་རྐྱེན་དྲོད་གཤེར་ཚོགས་པས་འབྲས་བུ་ནས་འབྱུང་གི་སྲན་མ་མི་འབྱུང་བ་ལྟར་ཡིན་པས་གནས་ལུགས་མ་རྟོགས་བར་ལས་འབྲས་ལ་འཇམ་པར་གྱིས། རྟོགས་ནས་ཤུགས་འབྱུང་གི་སྤྱོད་པ་སྒྱུ་མ་ལྟ་བུས་གཞན་དོན་འབད་མེད་ལྷུན་གྲུབ་ཡོང་བ་ཡིན། དེ་ནས་ས་ལམ་བགྲོད་ཚུལ་ནི། སེམས་ཀྱི་ངོ་བོ་སྤྲོས་བྲལ་སྣང་སྟོང་ཟུང་འཇུག་དེ་གོ་བའི་ལྷན་པ་མ་ཡིན་པར་མངོན་སུམ་རྟོགས་པ་དེ་ས་དང་པོ་རོབ་ཏུ་དགའ་བ་ཡིན། འོ་ན་ས་ཐོབ་པའི་ཡོན་ཏན་དེ་མ་ཐག་མི་སྟོན་པ་ཅི་ཞེ་ན། ཡོན་ཏན་རིམ་པས་འབྱུང་བ་ཡིན་ཏེ་ཞང་གཡུ་བྲག་པས། རྟོགས་པ་ལྷག་གིས་ཤར་བ་དེ། མཐོང་ལམ་རབ་ཏུ་དག་པའི་ས། ཞེས་དང་། ཡོན་ཏན་ནུས་པ་མ་སྐྱེས་ཀྱང་། མཐོང་ལམ་མིན་པར་སུ་ཞིག་མོད། ནང་པར་ཉི་མ་ཤར་མ་ཐག ཆབ་རོམ་ཞུ་བར་མ་ནུས་ཤིང་། ས་རྡོ་དྲོས་པར་མ་གྱུར་ཀྱང་། ཉི་མ་མིན་ཞེས་སུ་ཞིག་སྨོད། ཅེས་གསུངས་པ་ནི་སེམསཀྱི་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་དཀར་པོ་གཅིག་ཐུབ་ནད་བརྒྱ་སྨན་གཅིག་གི་གདམས་པའོ། །འདིས་འགྲོ་བ་ཐམས་ཅད་གྲོལ་བར་གྱུར་ཅིག །ཅེས་པ་འཇང་རྒྱལ་རིགས་ཨ་རྒྱལ་གྱིས་གསོལ་བ་ལྟར་ཤཱཀྱའི་དགེ་སློངདཀོན་མཆོག་འབངས་ཀྱིས་ངོམ་སྒང་དགོན་ནས་གདམས་སོ།།

ཞྭ་དམར་དཀོན་མཆོག་ཡན་ལག

Fifth Shamarpa, Könchok Yenlak

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept