Sampa Nyur Drupma—Tibetan

Practices › PrayersGuru Rinpoche Prayers | Deities › Guru Padmasambhava | Collections & Cycles › Compendium of Sādhanas | བོད་ཀྱི་བླ་མ།འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས།

English | Español | བོད་ཡིག

འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས།

Guru Padmasambhava

༄༅། །སློབ་དཔོན་པདྨའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མ།

 

ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ཡ།

 

དུས་གསུམ་རྒྱལ་བ་ཀུན་གྱི་སྤྲུལ་པའི་སྐུ། །

མཁྱེན་བརྩེ་ནུས་ལྡན་གུ་རུ་རིན་པོ་ཆེ། །

ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རི་ཡི། །

པདྨ་འོད་ནས་ད་ལྟ་གནས་འདིར་བྱོན། །

 

སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ་དང༌། །

བར་གྱི་ཆ་ལ་ཡི་དམ་ཞི་ཁྲོའི་ཚོགས། །

འོག་གི་ཆ་ལ་བཀའ་སྲུང་མཁའ་འགྲོ་རྣམས། །

བུ་ཡུག་འཚུབས་ལྟར་མངོན་སུམ་གསལ་བར་བཞུགས། །

 

བདག་གཞན་ལུས་སྲོག་ལོངས་སྤྱོད་དུས་གསུམ་གྱི། །

དགེ་ཚོགས་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པ། །

ཡིད་ཀྱི་སྤྲུལ་ནས་མཆོད་ཡུལ་རྣམས་ལ་འབུལ། །

རྒྱུན་ཆད་མེད་པར་སྤྱན་ལམ་འབྱུང་གྱུར་ཅིག །

 

དེང་སང་གངས་ཅན་ལྗོངས་འདིའི་འགྲོ་འདི་རྣམས། །

ལས་ངན་བསགས་པའི་འབྲས་བུ་དུས་ལ་སྨིན། །

སྨྲ་ཤེས་དོན་གོ་མི་ཡི་ལུས་ཐོབ་ཀྱང༌། །

ངན་སོང་སྡུག་བསྔལ་ལྟ་བུས་གཟིར་ལ་གཟིགས། །

 

ཚ་གྲང་སྲོག་བྲལ་དམྱལ་བའི་ཡུལ་ལྗོངས་བཞིན། །

བཀྲེས་སྐོམ་སྡུག་བསྔལ་ཡི་དྭགས་ལུས་དང་མཚུངས། །

བསད་སྤྱད་བཀོལ་སྤྱོད་དུད་འགྲོ་ལྟར་མྱོང་བའི། །

འགྲོ་བ་འདི་རྣམས་ཐུགས་རྗེས་མྱུར་དུ་སྐྱོབས། །

 

གཞན་དམའ་འབེབས་ཕྱིར་གཡོ་སྒྱུ་ཁྲམ་གསུམ་གྱི། །

འཁྲུག་ལོང་མ་ལུས་ཞི་བར་བྱིན་གྱིས་རློབས། །

ཆགས་སྡང་དབང་གིས་དུས་འཁྲུགས་འདི་ཞི་ནས། །

སོ་སོར་རང་དབང་ཐོབ་པར་བྱིན་གྱིས་རློབས། །

 

རྒྱལ་པོ་རྣམས་ཀྱིས་ཆོས་བཞིན་ས་སྐྱོང་ཞིང༌། །

འབངས་རྣམས་བཀའ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །

བསྟན་འཛིན་ཐམས་ཅད་སྐུ་ཚེ་ལེགས་བརྟན་ཅིང༌། །

གཞན་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །

 

དགེ་འདུན་རྣམས་ཀྱང་འཆད་ཉན་སྤེལ་བ་དང༌། །

བསྟན་པ་རིས་མེད་དར་བར་བྱིན་གྱིས་རློབས། །

སྒྲུབ་པ་པོ་རྣམས་གཡེང་བས་མ་གོས་པའི། །

ཏིང་འཛིན་ལས་སུ་རུང་བར་བྱིན་གྱིས་རློབས། །

 

ཡུལ་ཕྱོགས་ཀུན་ཏུ་ཆར་ཆུ་དུས་སུ་འབབས། །

ལོ་ཕྱུགས་རྟག་ཏུ་ལེགས་པར་བྱིན་གྱིས་རློབས། །

མི་ནད་ཕྱུགས་ནད་དུས་འཁྲུགས་རྒྱུན་ཆད་ནས། །

རྒྱལ་ཁམས་བདེ་བས་འཚོ་བར་བྱིན་གྱིས་རློབས། །

 

སྟོབས་ལྡན་རྣམས་ཀྱི་རྒྱུད་ལ་ངན་སེམས་ཀྱིས། །

འཇིག་རྟེན་ཕུང་སེམས་ཞི་བར་བྱིན་གྱིས་རློབས། །

ཅི་སྟེ་ལས་ངན་དབང་གིས་ཕུང་གཡོས་ཀྱང༌། །

ནུས་མེད་རང་ཞིར་འགྱུར་བར་བྱིན་གྱིས་རློབས། །

 

བཀའ་སྲུང་རྣམས་ཀྱིའང་གཞན་གྱིས་མ་བསྐུལ་ཡང༌། །

གདུག་ཅན་དངོས་སུ་སྒྲོལ་བར་བྱིན་གྱིས་རློབས། །

སྐྱེ་བོ་འདི་ཀུན་ངོ་ཚ་ཁྲེལ་ཡོད་ཀྱིས། །

གཅིག་སེམས་གཅིག་གིས་འཛིན་པར་བྱིན་གྱིས་རློབས། །

 

ཕན་ཚུན་བྱམས་སེམས་གཡོ་མེད་རབ་བརྟེན་པས། །

ཀུན་གྱིས་བདེ་ཐབས་སྒྲུབ་པར་བྱིན་གྱིས་རློབས། །

དེ་ལ་བརྟེན་ནས་ལྗོངས་འདིའི་འགྲོ་བ་རྣམས། །

བདེ་སྐྱིད་དཔལ་ལ་སྤྱོད་པར་བྱིན་གྱིས་རློབས། །

 

ཀུན་ཀྱང་ཆོག་ཤེས་རྩོད་མེད་མངའ་རིས་ཀྱི། །

བསྟན་དང་བསྟན་འཛིན་མཆོད་པར་བྱིན་གྱིས་རློབས། །

འབྱུང་པོ་རྣམས་ཀྱང་གདུག་རྩུབ་ཀུན་ཞི་ནས། །

འགྲོ་ལ་བརྩེ་སེམས་སྐྱེ་བར་བྱིན་གྱིས་རློབས། །

 

མདོར་ན་གཟུགས་ཅན་གཟུགས་མེད་འགྲོ་བ་ཀུན། །

ཤེས་རྒྱུད་ཆོས་དང་མཐུན་པར་བྱིན་གྱིས་རློབས། །

དེ་ལ་བརྟེན་ནས་ཕྱི་མ་ལྷན་ཅིག་པར། །

བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །

 

ནམ་མཁར་བཞུགས་པའི་གུ་རུ་རིན་པོ་ཆེ། །

འཁོར་བཅས་རང་ལ་ཐིམ་པའི་བྱིན་རླབས་ཀྱིས། །

སློབ་དཔོན་ཆེན་པོའི་ལུང་རྟོགས་ཡོན་ཏན་དང༌། །

རང་ཉིད་ནུས་པ་མཉམ་པར་བྱིན་གྱིས་རློབས། །

 

བདག་གིས་འགྲོ་བའི་སྡུག་བསྔལ་མ་བཟོད་པས། །

བདག་ཅག་བྱས་མེད་ཡུས་ཀྱི་གདུང་ཤུགས་ཀྱིས། །

བདག་ཉིད་ཆེན་པོ་ཁྱེད་ལ་གསོལ་བཏབ་པས། །

བདག་གཞན་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །

 

ཅེས་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ལ་ཐུགས་རྗེ་མྱུར་བསྐུལ་གསོལ་འདེབས་བསམ་པ་མྱུར་འགྲུབ་བོད་ཁམས་ཀུན་ཏུ་བདེ་བའི་དཔལ་སྟེར་ཞེས་བྱ་བ་འདིའང་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་ལྕགས་མོ་སྦྲུལ་ལོར་དབུས་གཙང་གི་ལྗོངས་འདིར་དུས་ངན་གྱི་འཁྲུག་ལོང་སྣ་ཚོགས་བྱུང་དུས་སྐྱེ་འགྲོ་རྣམས་བདེ་ལ་འགོད་པ་ཞིག་བྱུང་ན་སྙམ་པའི་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་ཧོར་ཟླ་བཅུ་པའི་དཀར་ཕྱོགས་རྫོགས་པ་གཉིས་པའི་ཚེས་ལ་དགེ་སྡིངས་ཆོས་ཀྱི་ཕོ་བྲང་ཆེན་པོར་ལེགས་པར་སྦྱར་བ་འདིས་ཀྱང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept