Advice in Brief—Tibetan

Literary Genres › Advice | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །ཞལ་གདམས་མདོར་བསྡུས་བཞུགས།

བླ་མ་ལ་ཕྱག་འཚལ་ལོ། །
དལ་འབྱོར་གྱི་མི་ལུས་ཐོབ་པ་འདི། །
གཏན་བདེ་སྒྲུབ་པའི་གཞི་མ་ཡིན། །
ད་རེས་ཆུད་ཟོས་མ་བཏང་ལ། །
ལེགས་ཉེས་ས་མཚམས་འདི་ཡིན་ནོ། །
བུ་ན་ཚོད་གཞོན་པར་མ་སེམས་ཤིག།
མྱུར་དུ་འཆི་བར་འོང་གི་གདའ། །
མཐོང་དང་ཐོས་ལ་བརྟགས་ཤིང་དཔྱད། །
དེ་རང་གི་སྟེང་དུ་ལེགས་པར་བསྒོམ། །
བདེ་སྡུག་གི་གཞི་མ་ལས་སུ་ལྟོས། །
དཀར་ནག་བླང་དོར་བརྩོན་པར་གྱིས། །
འཁོར་བ་རིགས་དྲུག་སྡུག་བསྔལ་དེ། །
རང་གི་སྒོ་གསུམ་སྟེང་དུ་བླང་། །
ཡང་ཡང་བསྒོམ་ན་སྙིང་རླུང་འཁྲུགས། །
འཁྲུགས་ཀྱང་ངན་སོང་གནས་མི་འཕེན། །
ཐར་པའི་ཕན་ཡོན་ལ་སེམས་ཤིག།
བུ་བླ་མའི་གདམས་པ་སྙིང་ལ་འཆང་། །
བྱམས་དང་སྙིང་རྗེ་བྱང་སེམས་དང་། །
དད་དང་མོས་གུས་དམ་ཚིག་རྣམས། །
ལམ་གྱི་གཞི་རྟེན་ཡིན་པས་ན། །
གལ་ཆུང་སྙོམ་ལས་མ་བསྐུར་ལ། །
གཡོ་སྒྱུ་ཚུལ་འཆོས་ངོས་ལྐོག་སྤང་། །
རང་གི་སྐྱོན་རྣམས་མ་སྦེད་ཅིག།
ཆོས་རྣམས་ཀུན་གྱི་རྩ་བ་ནི། །
སེམས་འདུལ་བ་ལ་རག་ལས་ཕྱིར། །
ཆོས་རྣམས་གནད་ཐོག་འགྲོ་མི་འགྲོ། །
ཉོན་མོངས་ཆོས་ཚུལ་ལ་བརྟག་དགོས། །
དངོས་གྲུབ་ཀུན་གྱི་རྩ་བ་ནི། །
བླ་མ་སངས་རྒྱས་མཐོང་བར་དགོས། །
ལྟ་བསྒོམ་ཀུན་གྱི་རྩ་བ་ནི། །
གཞི་རྩ་མེད་པའི་སེམས་ཉིད་འདི། །
ངོ་ཤེས་རྩལ་རྫོགས་བརྟན་ཐོབ་དགོས། །
སྤྱོད་པ་ཀུན་གྱི་མདོ་དྲིལ་ནི། །
བཟང་ངན་རོ་སྙོམས་རང་གྲོལ་དགོས། །
ཕྱི་མ་ལེགས་པའི་རྩ་བ་ནི། །
ཚེ་འདི་ཞེན་པ་ལོག་པར་དགོས། །
དེ་ཀུན་གྲོགས་སུ་དབེན་རིར་བརྟེན། །
མདོ་སྡེ་རྣམས་དང་མན་ངག་གི །
དོན་ལ་ཡང་ཡང་འདྲིས་པར་གྱིས། །
བུ་དེ་ལྟར་གདམས་པ་སྙིང་ལ་ཟུངས། །
ངེད་ལ་དེ་ལྟར་མ་མཆིས་རུང་། །
ཕན་པར་གདམས་ལ་ཉེས་མེད་ཅིང་། །
ཁྱེད་ཀྱི་འདི་ལྟར་བསྐུལ་བ་ལ། །
བརྟེན་ནས་གང་དྲན་ཤར་མར་བྲིས། །

འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སོ།། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept