བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

སུན་བཟློག་མདོར་བསྡུས།

English | བོད་ཡིག

༄༅། །སུན་བཟློག་མདོར་བསྡུས་བཞུགས།

 

ན་མོ་གུ་རུ་དྷཱ་ཀི་ནི་ཡེ།

དཔའ་བོ་མཁའ་འགྲོའི་སུན་བཟློག་བྱ་བར་འདོད་པས་སྐུ་གླུད་དང་། དམར་གཏོར་ལྔ་ཚོམ་གསེར་སྐྱེམས་ཚོགས་གཏོར་རྣམས་བཤམས་ལ།

རྃ་ཡྃ་ཁྃ། ཨོཾ་ཨཱཿ ཧཱུྃ།

ལན་གསུམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བརྒྱད་ཀྱིས་བྱིན་བརླབས་རྒྱས་པར་སྤེལ།

ཨོཾ་ཨཱཿ ཧཱུྃཿ

སྐུ་གསུམ་ཞིང་ཁམས་གནས་ཡུལ་དུར་ཁྲོད་ནས། །

རྡོ་རྗེ་ཕག་མོ་མཁའ་འགྲོ་རབ་འབྱམས་ཚོགས། །

དཔའ་བོ་དཔའ་མོ་རྒྱུད་སྡེ་དྲེགས་པའི་ཚོགས། །

གནས་གཏེར་སྲུང་མ་དཀར་ཕྱོགས་གཞི་བདག་སོགས། །

འདིར་གཤེགས་རང་རང་འཚམས་པའི་གདན་ལ་བཞུགས། །

སྐུ་གླུད་གསེར་སྐྱེམ་མཆོད་གཏོར་རོ་བརྒྱ་ལྡན། །

རྨད་བྱུང་ག་ཎ་ཙཀྐྲའི་ཐབས་ཤེས་རྫས། །

འདོད་ཡོན་དྲུག་གི་སྤྲིན་ཕུང་འཕྲོ་བ་རྣམས། །

ནམ་མཁའི་མཐར་ཁྱབ་ཀུན་བཟང་རོལ་པའི་རྒྱན། །

ཟག་མེད་དབང་པོ་དྲུག་ལ་དགྱེས་རྒུར་སྟོབས། །

ཐུགས་དམ་བསྐངས་ཤིང་འགལ་འཁྲུལ་ཉམས་ཆག་བཤགས། །

བདག་ཅག་དཔོན་སློབ་དམ་ལྡན་ཡོན་མཆོད་རྣམས། །

སྣང་སྲིད་སྡེ་བརྒྱད་ཟ་ཁ་ཟུག་པ་དང་། །

བན་བོན་སྔགས་པའི་བསམ་སྦྱོར་ངན་པ་ཡི། །

བྱད་ཕུར་རྦོད་གཏོང་གནོད་པ་ཕྱིར་ལ་བཟློག །

ལྟ་ལོག་ཀླ་ཀློས་དམོད་རྫས་འཁྲུལ་འཁོར་བཟློག །

ཁྱད་པར་བསྟན་པའི་སྒྲོན་མེ་དམ་པ་དང་། །

རྡོ་རྗེའི་རིག་འཛིན་མཆེད་དང་ལྕམ་དྲལ་ལ། །

འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ་སྟོན་པའི། །

དཔའ་བོ་མཁའ་འགྲོའི་སུན་མའི་དར་ཐག་བསྡུས། །

ཡེ་ཤེས་ལྔ་ཡི་དབྱིངས་ལས་མ་གཡོས་པར། །

སྐྱེ་འཆིའི་རྟོག་པ་སྐྱེ་མེད་དབྱིངས་སུ་བསྟིམ། །

ཤ་ཁྲག་དྲོད་དབུགས་ཉམ་པ་སོར་ཆུད་ཅིང་། །

རྩ་རླུང་ཐིག་ལེའི་སྟོབས་རྣམས་རབ་རྒྱས་ཤིང་། །

ཕྱི་ནང་གསང་འབྱུང་ཡེ་ཤེས་ལྔ་རུ་རྫོགས། །

འཆི་མེད་རྡོ་རྗེའི་སྲོག་རྩ་རབ་གྲུབ་ནས། །

འགྱུར་མེད་རྟག་པའི་སྐུ་མཆོག་འགྲུབ་པར་མཛོད། །

ཨོཾ་བྃ་བཛྲ་བྷཱ་རཱ་ཧི་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱཽ་ཧཱུྃ་ཨ་ཡ་མ་དུ་རུ་ཙ་ཤ་ན་དཔའ་བོ་མཁའ་འགྲོ་དང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་སུན་ཁ་དང་བྱད་གདོན་རྦད་གཏོང་གི་གནོད་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །

མེད་པར་གྱུར་ཅིག །

ཞི་བར་གྱུར་ཅིག །

བྷྱཽ་བྷྱཽ་བཟློག་བཟློག །

ཅེས་བརྗོད་ཚོགས་གཏོར་གསེར་སྐྱེམ་མཆོད་པར་བྱའོ། །

 

ཞེས་པའང་པདྨ་ཡེ་ཤེས་རྡོ་རྗེས་ཤིང་རྟ་ཆོ་འཕྲུལ་ཟླ་༡པོའི་ཚེས་༢༥ལ་རིག་ངོར་ཤར་བཞིན་བྲིས་པ་བསྟན་དང་བསྟན་འཛིན་རྣམས་ཀྱི་སྐུ་ཚེའི་བར་ཆད་ཞི་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Vajravārāhī

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept