The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Calling the Guru from Afar—Tibetan

English | བོད་ཡིག

༄༅། །བླ་མ་རྒྱང་འབོད་བཞུགས་སོ། །

 

རང་གི་སྤྱི་བོའི་སྟེང་མཁར། །

པད་དཀར་ཟླ་བའི་དབུས་ན། །

དྲིན་ཆེན་རྩ་བའི་བླ་མ། །

རྣམ་པ་པཎ་ཆེན་བི་མ། །

ལྗང་གསལ་ཞལ་གཅིག་ཕྱག་གཉིས། །

པཎྜི་ཏ་ཡི་ཆ་བྱད། །

མཉམ་བཞག་ཚེ་བུམ་འཛིན་ཅིང་། །

ཤང་རྩེར་ཨ་ཡིག་དཀར་པོ། །

འོད་དང་འོད་ཟེར་འཕྲོ་བ། །

སྐྱབས་ཀུན་འདུས་པའི་བདག་ཉིད། །

མངོན་སུམ་བཞུགས་པར་གསལ་འདེབས། །

མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །

 

དཀོན་མཆོག་ཀུན་འདུས་ངོ་བོ། །

རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས། །

འཇམ་དཔལ་ཆོས་ཀྱི་བཤེས་གཉེན། །

མི་མངོན་དབྱིངས་ནས་ཐུགས་རྗེས། །

སྐལ་ལྡན་བདག་ལ་བརྩེས་དགོངས། །

རྡོ་རྗེའི་ཡེ་ཤེས་འབེབས་མཛོད། །

མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །

 

རང་རིག་གཞོན་ནུ་བུམ་སྐུ། །

འདུ་འབྲལ་མེད་པར་རྟག་བཞུགས། །

སྐུ་གསུམ་དབྱེར་མེད་ངོ་བོ། །

འོད་གསལ་སྤྲུལ་པའི་རྡོ་རྗེས། །

དབྱིངས་རིག་དབྱེར་མེད་ཀློང་ནས། །

སྐལ་ལྡན་བདག་ལ་བརྩེས་དགོངས། །

མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །

 

སྣང་སྲིད་དག་པ་རབ་འབྱམས། །

བདེ་ཆེན་ཆོས་སྐུའི་ཀློང་ནས། །

པདྨ་ལས་འཁྲུངས་རྒྱལ་ཚབ། །

འོད་གསལ་མདོ་སྔགས་གླིང་པས། །

སྐལ་ལྡན་བདག་ལ་བརྩེས་དགོངས། །

མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །

 

གར་བཞུགས་སྤྲུལ་པའི་ཞིང་ཁམས། །

ཡོངས་རྫོགས་བསྟན་པའི་མངའ་བདག །

བཀའ་བབས་བདུན་ལྡན་བླ་མ། །

འཇམ་དབྱངས་མཁྱེན་བརྩེའི་དབང་པོས། །

རྟག་ཏུ་འབྲལ་མེད་ཐུགས་རྗེས། །

སྐལ་ལྡན་བདག་ལ་བརྩེས་དགོངས། །

མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །

 

སྙིང་ཁ་ཆོས་ཀྱི་ཕོ་བྲང་། །

འོད་གསལ་སྒྱུ་མའི་རང་གཟུགས། །

མཁྱེན་བརྩེ་ནུས་པའི་མངའ་བདག །

འཇམ་དབྱངས་བློ་གྲོས་རྒྱ་མཚོས། །

དགོངས་པའི་དབྱིངས་ནས་གཟིགས་ཤིག །

སྐལ་ལྡན་བདག་ལ་བརྩེ་དགོངས། །

མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །

 

བདག་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །

ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །

རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །

སྡོམ་དང་དམ་ཚིག་དག་པར་བྱིན་གྱིས་རློབས། །

རིམ་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །

དགོངས་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རློབས། །

སྐུ་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །

 

བླ་མའི་གནས་གསུམ་འབྲུ་གསུམ་ལས། །

འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། །

རིམ་དང་གཅིག་ཆར་ཐིམ་པ་ཡིས། །

དབང་བསྐུར་སྒྲིབ་སྦྱོང་དངོས་གྲུབ་ཐོབ། །

 

བླ་མ་འོད་ཞུ་རང་ལ་ཐིམ། །

རང་སེམས་དུས་གསུམ་རྟོག་པ་ཡི། །

སྟོང་པའི་འོད་གསལ་ཆོས་ཀྱི་དབྱིངས། །

འཕོ་འགྱུར་གསལ་འགྲིབ་བྲལ་བའི་ངང་། །

བྱར་མེད་རང་བབ་ལྷུག་པར་བཞག །

 

འདི་ནི་ཀ་དག་ཆོས་སྐུ་ཡི། །
བླ་མའི་སྒྲུབ་པ་མཐར་ཐུག་གོ །

 

རྗེས་ཐོབ་བླ་མའི་རོལ་པ་དང་། །
མ་ཡེངས་བསྲེས་ལ་ལམ་ཁྱེར་བྱ། །
སེམས་ཅན་ཀུན་ལ་སྙིང་རྗེ་དང་། །
ངེས་འབྱུང་དྲག་པོ་ཡང་ཡང་བསྒོམ། །
སྨོན་ལམ་རྣམ་པར་དག་པ་གདབ། །
དེས་ནི་དོན་གཉིས་ལྷུན་གྲུབ་འགྱུར། །

 

ཅེས་པའང་གྲགས་པ་གཞན་ཕན་གྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

དྲི་མེད་བཤེས་གཉེན།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept