བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བླ་མ་དགོངས་འདུས་རྒྱུན་ཁྱེར།

English | བོད་ཡིག

༄༅། །བླ་མ་དགོངས་འདུས་རྒྱུན་ཁྱེར།

 

ན་མོ།

བླ་མ་རྣམས་དང་ཡི་དམ་ལྷ། །

མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི། །

འགྲོ་རྣམས་བདེ་ལྡན་ལ་འགོད་ཕྱིར། །

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །

 

ཧཱུྃ། སྟོང་དང་སྙིང་རྗེའི་རང་བཞིན་ལས། །

ཟུང་འཇུག་རྒྱུ་ཡི་ཧེ་རུ་ཀ།

རང་བྱུང་གཞལ་ཡས་མཚན་རྫོགས་དབུས། །

རང་རིག་པདྨ་བཛྲ་ནི། །

དམར་གསལ་ཞལ་གསུམ་དམར་མཐིང་དཀར། །

རྡོ་རྗེ་རལ་གྲི་བྷནྡྷ་གཡས། །

དྲིལ་བུ་བུམ་པ་ཁ་ཊྭཱྃ་གཡོན། །

ལྷ་ལྕམ་དམར་མོ་ཌཱར་ཐོད་འཛིན། །

གར་དགུའི་ཉམས་ལྡན་ཞབས་དོར་སྟབས། །

པད་ཟླ་ཉི་མའི་གདན་ལ་འགྱིང་། །

འཁོར་རྣམས་ཉི་དང་འོད་ཟེར་བཞིན། །

གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །

དམ་ཡེ་དབྱེར་མེད་ཆེན་པོ་ཡི། །

ཐུགས་ཀར་ཉི་སྟེང་ཧྲཱིཿདམར་མཐར། །

སྔགས་ཕྲེང་བསྐོར་ལས་འོད་འཕྲོས་པས། །

འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱང་། །

སྣོད་བཅུད་བླ་མའི་དཀྱིལ་འཁོར་ཤར།

ཨོཾ་ཨཱཿ ཧཱུྃ་ཧྲཱིཿབཛྲ་གུ་རུ་སརྦ་སིདྡྷི་དྷེ་བ་ཌཱ་ཀི་ནཱིཿབྷོ་དྷི་ཙིཏྟ་མ་ཧཱ་སུ་ཁཿབཛྲ་མ་ཧཱ་ཀྲོ་དྷ་ཤཱནྟིཾ་ཀཿཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་སརྦ་སིདྡྷིཿཀཱ་ཡ་ཝཱཀྐ་ཙིཏྟཿཛྙ་ན་ས་ཏྭ་ཨ་མི་དྷེ་ཝཿམ་མ་ཙིཏྟ་སཾ་བྷ་ཝ་ཨཱ་དྷིཥྛ་ནཾ་མ་མ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ

ཞེས་སྤྱི་དྲིལ་ཆེན་མོ་དང་།

ཨོཾ་ཨཱཿ ཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ

ཞེས་པ་བཟླའོ། །

ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ།

སླར་ཡང་རིག་འཛིན་སྐུ་རུ་ལྡང་།

ཨོཾ་ཨཱཿ ཧཱུྃ།

དགེ་བསྔོ་ཤིས་བརྗོད་བྱའོ། །

 

ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Lama Gongdü

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept