In Praise of Devāvatāra—Tibetan

Pilgrimage | Praise | Tibetan Mastersའཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

The Buddha’s Descent from Heaven

Further Information:

༄༅། །ལྷ་བབས་གནས་ལ་བསྟོད་པ་བཞུགས་སོ།།

ཨོཾ་སྭསྟི།
བཅོམ་ལྡན་རྒྱལ་བ་ཤཱཀྱ་སེངྒེ་ཡི། །
ཞབས་རྟེན་འཁོར་ལོ་རྩིབས་སྟོང་བཀྲ་བ་ལ། །
སྤྱི་བོས་བཏུད་དེ་ལྷ་ལས་བབས་པ་ཡི། །
ངོ་མཚར་གནས་ཆེན་བདག་གིས་བསྟོད་པར་བགྱི། །

ཕྱོགས་མཚམས་ཐ་གྲུ་ཡངས་ཤིང་རྒྱ་ཆེ་ལ། །
སྨན་དང་མེ་ཏོག་ནགས་ཚལ་རྒྱས་པའི་ལྗོངས། །
ཤིན་ཏུ་ཉམས་དགའ་སུམ་རྩེན་བཀོད་པ་ལ། །
ཅོ་འདྲི་བྱེད་པ་འཛམ་གླིང་མཛེས་པའི་རྒྱན། །
ལྷ་ཡི་ཆུ་བོ་གསེར་དངུལ་བྱེ་མ་འདྲེན། །
རིན་ཆེན་སྣ་ཚོགས་འབྱུང་བའི་གཏེར་ཆེན་པོ། །
རྨ་བྱ་ལ་སོགས་མཛེས་པའི་ཟློས་གར་བསྒྱུར། །
ཡིད་འོང་སྐད་སྙན་ཆོས་ཀྱི་སྒྲ་སྒྲོགས་ཤིང་། །
ལྷ་མིའི་འདུ་ཚོགས་མིག་འཕྲུལ་ལྟ་བུར་རྩེན། །
མཐོང་བས་ཉམས་དགའ་སྡོད་ན་བག་ཕེབས་ཤིང་། །
རླུང་རིག་རྙོགས་པ་ཐམས་ཅད་ངང་གིས་དྭངས། །
ཐུབ་དབང་དགྱེས་པའི་དགའ་ཚལ་ཆེན་པོ་དེར། །
ཉི་མའི་གཉེན་མཆོག་བསྐྱེད་པའི་སྒྱུ་འཕྲུལ་ལྷ། །
སྒྱུ་མའི་རྩེད་འཇོའི་དགའ་སྟོན་རོལ་པ་ཡིས། །
གནས་དེར་དམིགས་མེད་བརྩེ་བའི་ཤིང་རྟས་དྲངས། །
དབྱར་གྱི་དཔལ་མོས་དུས་སྟོན་ངོམ་པ་ན། །
ཚངས་པའི་དབྱངས་ཀྱིས་ཆོས་ཀྱི་རྔ་ཆེན་སྒྲོགས། །
ལྷ་རྣམས་བག་མེད་གཉིད་དུ་ཡུར་བ་ལས། །
དཀྲོགས་ནས་དམ་ཆོས་སྣང་བའི་ཟེར་བཀྱེས་བས། །
བདེན་པ་མཐོང་བའི་ས་གཞི་རབ་དུལ་ཞིང་། །
བྱང་ཆུབ་མྱུ་གུ་ལེགས་པར་འཁྲུངས་པར་གྱུར། །
ཨེ་མ་ལྷ་རྣམས་སྔོན་ཆད་མ་མཐོང་བའི། །
ཆོས་ཀྱི་དགའ་བ་བརྒྱ་ཕྲག་ཉམས་སུ་མྱོང་། །
བསྟོད་དབྱངས་སིལ་སྙན་རྣམ་པར་འཁྲོལ་བ་ཡིས། །
ལྷ་ཡི་ཟླ་བ་ཡུན་དུ་འདའ་བ་དང་། །
སླར་ཡང་ཐུབ་མཆོག་ས་འདིར་འཕོ་དགོངས་ཚེ། །
ལྷ་ལས་བབས་པའི་གཏམ་སྙན་རྒྱུད་མང་གི །
སྒྲ་ནི་མཁའ་ལས་རང་གྲགས་གྱུར་པ་དང་། །
རིན་ཆེན་བཻཌཱུརྱ་ཡི་ཐེམ་སྐམ་ལས། །
གླང་ཆེན་སྟབས་ཀྱིས་མཛེས་པར་གཤེགས་པ་དང་། །
ལྷ་ཡི་འཁོར་ཚོགས་མཆོད་རྫས་བསམ་མི་ཁྱབ། །
ཉི་ཟེར་རྡུལ་ལྟར་འཁྲིགས་པས་ལྷ་ལམ་ཁེངས། །
དལ་གྱིས་འབབ་པས་སྐྱེ་བོ་མཐའ་དག་གི །
ཆུ་བུར་མིག་གི་དགའ་སྟོན་གྱུར་པ་དང་། །
ཞལ་ཚབ་སྐྲུན་པའི་ཐུབ་པའི་དབང་པོ་ཡང་། །
གོམ་བདུན་བོར་ཏེ་ཕན་ཚུན་འགྲན་བཞིན་ཆས། །
དེ་ཚེ་རྒྱལ་བ་ལྷ་ལས་བབས་པ་ཡི། །
ཐུགས་རྗེས་བྱིན་བརླབས་མཆོད་སྡོང་རིན་པོ་ཆེ། །
བསོད་ནམས་བསགས་པའི་ཞིང་གི་དཔལ་དུ་གྲུབ། །
བཀྲ་ཤིས་དགེ་མཚན་ཤིན་ཏུ་རྒྱས་པར་གྱུར། །
སྟོན་པ་མཚུངས་བྲལ་མཉམ་མེད་བུ་རམ་ཤིང་། །
དེས་གསུང་ཞི་བསིལ་བདུད་རྩི་དམ་པའི་ཆོས། །
དེ་འཛིན་འཕགས་པའི་དགེ་འདུན་ཚོགས་བཅས་ཀྱི། །
བསྟན་པ་འཇིག་རྟེན་ཁམས་འདིར་དར་ཞིང་རྒྱས། །

དེ་ལྟར་རྒྱལ་བ་ཐུབ་ཆེན་དཔལ་ཀྱི་ལྷུན། །
གང་གི་མཛད་ཆེན་བསྟན་པའི་ཕྱོགས་ཙམ་ཞིག །
གཞིར་བྱས་བསྟོད་བསྔགས་སྐྲ་རྩེའི་ཟེག་འཐོར་བས། །
ཚོགས་གཉིས་དམ་པ་ཡོངས་སུ་རྫོགས་པར་ཤོག །

བདག་གཞན་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །
བཅོམ་ལྡན་ལྷ་ཡི་ལྷར་གྱུར་མཆོག་ཉིད་ཀྱིས། །
རྗེས་སུ་བཟུང་ནས་ས་བཅུ་ལམ་ལྔ་བགྲོད། །
རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །

ཅེས་པའང་ཤིང་ཕོ་སྤྲེའུའི་ལོར་འཕགས་ཡུལ་དུ་གནས་མཇལ་ཕྱིན་སྐབས། ཤཾ་ཁ་སྱར་གྲགས་པ་གསལ་ལྡན་ལྷ་ལས་བབས་པའི་གནས་ཆེན་མཇལ་ནས། གནས་དེའི་ཉེ་འདབས་སུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་སྐྱེ་བ་ཀུན་ཏུ་བདེ་བར་གཤེགས་པ་ལ་བསྟོད་པའི་རོལ་མོ་མངོན་པར་སྒྲོགས་ནུས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

• Download this text: EPUB MOBI PDF